དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་མགྱོགས་པོ་བཏང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-22

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྟན་པོའི་ངང་སྐུལ་མ་ཐེབས་པ་དང་། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་བཀྲག་མདངས་གསར་པ་མངོན་པ་བཅས་གང་ས་གང་དུ་ས་མཐོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་རྣམ་པ་གསར་པ་མངོན་ནས“ཁྱད་ལྡན་གྱི་གླུ་དབྱངས”ཤིག་ཞིང་ནང་དང་མུ་ཁར་བླངས་ནས་བདེ་སྐྱིད་ལྡན་པའི་གླུ་སྒྲ་ལུང་ཤུར་གང་སར་བསྒྲགས།

    x0918dt1.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་གི་ཤ་མོ་ཐོན་སྐྱེད་རྟེན་གཞིའི་ལས་དོན་མི་སྣས་ཤ་མོའི་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་པ།

    A ཡུལ་བབ་དང་བསྟུན་ནས་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་བ།

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རྒྱུན་ཆད་མེད་པར་བྱེད་མགྱོགས་སུ་བཏང་སྟེ་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ཞིང་། སོན་བཟང་འདུ་འགོད་ལག་བསྟར་བྱ་རྒྱུ་ཚད་བརྒལ་བྱེད་སར་བརྩིས་ཏེ་སྤུས་ལེགས་ས་བོན་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ས་དཔྱད་ལུད་སྦྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེ་འདབས་སུ་སྔོ་ཚལ་གཙོ་བོར་བྱས་པའི་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་ཤུགས་ཆེན་བྱེད་པ་དང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཟན་རྩྭའི་སྐྱེ་དངོས་འབུར་དུ་ཐོན་པ་བྱས་པའི་ཁར། ཞིང་ལས་ལོ་ཏོག་གི་ས་བོན་ཕུན་སུམ་ཚོགས་སུ་བཏང་ནས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་ཡོད། འབྲོག་ལས་ཐད་རྩྭ་རའི་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་བཏང་བ་དང་ཞིང་ཁུལ་གྱི་འབྲོག་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་ནས། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་བྱེད་པའི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་དང་དུས་ཐུང་རྒྱགས་གསོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཕྱུགས་རིགས་བཤས་གཏོང་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད།

    འདི་ལོའི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་44.42དང་འབྲུ་རིགས་སོན་བཟང་སྙོམ་སྒྲིག་བྱེད་ཚད་སྤྱི་རྒྱ་ཁྲི་348.2ཟིན་པ་དང་། ཁྱིམ་ལུད་བརྒྱབ་ཚད་ཏུན་ཁྲི་93.54དང་རྫས་ལུད་བེད་སྤྱོད་བྱེད་ཚད་ཏུན་10646.22ཟིན་ནས་དཔྱིད་འདེབས་ལས་དོན་ཚང་མ་ཟླ་5པར་ལས་མཇུག་འགྲིལ་བ་རེད། འཕྲུལ་ཆས་3133ཉོ་སྒྲུབ་བྱས་པ་དེ་དག་ཚང་མ་མིག་སྔར་དམིགས་སར་འབྱོར་ཞིང་། ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་55.5དང་། འཕྲུལ་རྨོད་རྒྱ་ཁྱོན་མུའུ་ཁྲི་40.5 འཕྲུལ་འདེབས་རྒྱ་ཁྱོན་མུའུ་ཁྲི་33.8བཅས་ཟིན་ནས་ཞིང་འབྲོག་མང་ཚོགས་དང་སྤྱི་ཚོགས་ཀྱི་མ་འཇོག་བྱེད་ཚད་སྒོར་ཁྲི་1598.23ཟིན་ནས་ཞིང་དུད་3001ལ་ཐད་ཀར་ཕན་པ་ཐོབ་ཡོད།

    B ས་གཙང་བདེ་ཐང་ཐོན་ལས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ།

    འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ལྡུམ་རའི་ས་གཙང་བདེ་ཐང་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྫོང(ཆུས)ཁག་གི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ས་མཐོའི་ཁྱད་ལྡན་སྒྲིག་བཀོད་ལྡུམ་རའི་ཐོན་ལས་ཀྱི་སྲིད་ཇུས་ཀྱི་ཁ་གསབ་དོན་འཁྱོལ་བྱས་ཚུལ་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། པེ་ཅིང་ནས་སྔོ་ཚལ་དང་ཀྭ་རིགས་སྣ་ཁ་གསར་པ་60ནང་འདྲེན་བྱས་པ་དེ་དག་ཞིང་ནང་དང་དྲོད་ཁང་དུ་ཚོད་འདེབས་བྱས་པ་དང་། བདེ་ཐང་བདེ་འཇགས་དང་སྤྱི་གནོད་མེད་པའི་སྔོ་ཚལ་འཕེལ་རྒྱས་བཏང་ནས་སྤྱི་གནོད་མེད་པའི་ཞིང་འབྲོག་ཐོན་ཟོག་རྟེན་གཞི་13ངོས་འཛིན་ཁས་ལེན་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་1.9ཟིན་པ། སྤྱི་གནོད་མེད་པའི་ཞིང་འབྲོག་ཐོན་རྫས་སྣ་ཁ་73ངོས་འཛིན་ཁས་ལེན་བྱས་པ། སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་རྒྱ་ཁྱོན་མུའུ་ཁྲི་1.65ཟིན་པ་མ་ཟད། སྔོན་དཔག་བྱས་ན་ལོ་སྟོད་དུ་སྔོ་ཚལ་ཐོན་སྐྱེད་རྒྱ་ཁྱོན་མུའུ་ཁྲི་7.04ཙམ་ཟིན་ནས་སྔོ་ཚལ་སོས་པ་སྣ་ཚོགས་ཏུན་ཁྲི་10ཙམ་ཐོན་སྐྱེད་བྱས་པས་ལོ་ཧྲིལ་པོའི་ལས་འགན་གྱི་35.7%ལེགས་གྲུབ་ཟིན་ཡོད།

    བཞོན་མའི་ཐོན་ལས་ཐད། མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭའི་རྒྱ་ཁྱོན་མུའུ་ཁྲི་8.6བཏབ་པ་དང་། བ་གླང་གི་རྒྱུད་པ་ལེགས་བཅོས་ས་ཚིགས་ཁག་141འཛུགས་རྒྱུའི་ནང་ས་ཚིགས་49གསར་སྐྲུན་བྱས་པ། ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཁམས་དཀར་འཁྱག་རིལ་གྱི་ལག་རྩལ་བརྒྱུད་བ་མོ་མགོ་གྲངས་100ལྷག་ཙམ་ལེགས་འདེམས་བྱས་ཡོད། ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་དང་གཟན་རྩྭ་དོ་དམ་སོགས་ཀྱི་ལག་རྩལ་མཛུབ་ཁྲིད་ལས་དོན་སྤེལ་ལ། གསོ་སྤེལ་ལག་རྩལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མི་སྣ་150ལྷག་ཙམ་གསོ་སྦྱོང་བྱས་ཡོད། བོད་བྱའི་ཐོན་ལས་ཐད། བོད་བྱ་གསོ་ཚགས་དཔེ་སྟོན་ཤང་གྲོང་3གསར་འཛུགས་བྱས་པ་དང་། ས་ཆ་དེ་རང་གི་བོད་བྱའི་རྒྱུད་པ་སྲུང་སྐྱོང་ཁུལ(ར་བ)གཏན་འཁེལ་བྱས་པ། ཐོན་ལས་ཁ་གསབ་སྲིད་ཇུས་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་བ། བྱ་གསོ་ར་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ། ས་ཆ་དེ་རང་གི་བོད་བྱའི་རྒྱུད་པ་སྲུང་སྐྱོང་དང་བྱ་ཕྲུག་མཁོ་སྤྲོད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་ད་ཆ་བྱ་ཕྲུག་85500ཙམ་ལངས་ཡོད། ཕག་པའི་ཐོན་ལས་ཐད། 2015ལོའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་ཀའི་འཆར་གཞི་བཟོས་ནས་དམིགས་ཚད་ལས་འགན་ཁག་བགོས་བྱས་པ་དང་། གནས་ཚུལ་ཐོན་རིམ་བཞིན་ཤེས་རྟོགས་བྱས་ནས་བཤས་གཏོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞིའི་ཚད་གཞི་འགན་ལེན་བྱས་པ། ཐོན་ལས་ཀྱི་ཁ་གསབ་སྲིད་ཇུས་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་སྟེ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། གསོ་ཚགས་ལག་རྩལ་མི་སྣ་100ལྷག་ཙམ་གསོ་སྦྱོང་བྱས་ནས་ཕག་པ་ཁྲི་3.62བཤས་བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་ཁྲི་0.12མང་དུ་ཕྱིན་ཡོད།

    C ཚན་རྩལ་གསར་གཏོད་བྱས་ནས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    འདེབས་འཛུགས་ལས་རིགས་ཀྱི་དཔྱིད་རྨོད་དཔྱིད་འདེབས་དང་འབྲོག་ལས་ཐད་ཀྱི་ལུ་གུ་སྐྱེ་བསུ་དང་། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་གལ་ཆེའི་དུས་སྐབས་དང་འགག་རྩའི་ལྷུ་ཚིགས་སུ་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ“གྲོང་ཁྱེར་གྱིས་རྫོང་འགན་གཙང་ལེན་པ་དང་། རྫོང་གིས་ཤང་འགན་གཙང་ལེན་པ། ཤང་གིས་གྲོང་ཚོ་འགན་གཙང་ལེན་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། ད་དུང་གྲོང་ཚོ་དང་དུད་ཚང་དུ་བཅའ་སྡོད་བྱེད་པ་དང་། དངོས་སྡོད་ཞིབ་འཇུག་དང་ཕྱོགས་ཡོངས་ལ་ལྟ་ཞིབ་བྱེད་པ། དྲིལ་བསྒྲགས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཚན་རྩལ་དཔེ་སྟོན་དང་དེ་བཞིན་བཀོལ་སྤྱོད་བྱས་ནས་ཞིང་འབྲོག་པར་ཚན་རྩལ་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་རེད། ལོ་སྟོད་དུ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་ཁྱོན་ལག་རྩལ་པ་མི་ཐེངས་180སྒྲིག་འཛུགས་བྱས་ནས་ལག་རྩལ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་བ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་ཐེངས་10བྱས་པར་ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1ལྷག་ཙམ་སྤྲད་ཡོད།

    ཞིང་འབྲོག་ལས་ཐོན་ལས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། 2014ལོར་ཞིང་ལས་ལག་རྩལ་ཚོད་ལྟ་དཔེ་སྟོན་རྣམ་གྲངས་གཉིས (ཚལ་སྣེ་ཤང་གི་རྩམ་པ་ཐོན་སྐྱེད་ལས་སྣོན་སྒྲིག་ཆས་ནང་འདྲེན་བཀོལ་སྤྱོད་རྣམ་གྲངས་དང་། ཀྲོ་མ་ཀྲུ་དང་དམར་འདུར་ཐོན་སྐྱེད་ལས་སྣོན་རྣམ་གྲངས)གྲུབ་འབྲས་ཐོབ་པའི་སྒོ་ནས་རེ་ཞུ་བྱས་པར་མ་འཇོག་སྒོར་ཁྲི་30ཟིན་ཡོད། ཚོང་འགུགས་མ་འདྲེན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་འབྲེལ་འཆར་འགོད་ཀྱང་བྱས་ནས་“ཀྲུང་གོའི་ཞིང་ལས་ཐོན་རྫས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅོ་བརྒྱད་པར”ཁེ་ལས་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་601གི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་5.05ཟིན་པ་དང་མཉམ་ལས་ཁང་དུ་ཞུགས་མཁན་ཁོངས་མི་ཁྲི་3.05ཟིན་པ། ཞིང་འབྲོག་དུད་ཚང་ཁྲི་2.5ལ་སྐུལ་མ་བཏང་བས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་3.18བྱུང་ཡོད་ལ། སྔོན་དཔག་བྱས་ན་ཞིང་འབྲེལ་སྣེ་འདྲེན་ཁེ་ལས་28ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3.6ཟིན་བཟོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།