དབུ་ཤོག>གསར་འགྱུར།
  • ​ ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དྲུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-22

    དམངས་ཕྱུག་བོད་དར་མཐའ་འཁྱོངས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་གལ་ཆེན་ཞིག་རེད།

    “ཀྲུང་དབྱང་གི་དམིགས་བསལ་སྲིད་ཇུས་ཡག་པོ་སྤྱོད་པ་དང་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་གང་ལེགས་སྤྱད་དེ་རང་ངོས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་ནང་གནས་ཀྱི་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས”པ་དང“དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། དམངས་འཚོ་ཁྲིད་སྟོན་དུ་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ། ས་ཁུལ་དབར་གྱི་ཧེ་བག་རིམ་པས་ཆུང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གོམ་སྟབས་མགྱོགས་སུ་ཏན་ཏིག་གཏོང་དགོས”ཞེས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་དེ་བོད་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་འཕྱུགས་མེད་ཐུབ་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཆེད་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བདེར་ཡང་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་འཛུགས་པ་དང་ཕུགས་ལ་དམིགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་གཞི་ཆེན་པོར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཤིང་། བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཡོང་བའི་བརྗིད་ཆེའི་དམིགས་ཚད་བཀོད་དེ་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་བྱ་གཞག་སྒོ་ཀུན་ནས་ཡར་རྒྱས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོར་གཏོང་། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་སྲིང་བརྟན་ལྷིང་བཅས་ཡོང་བའི་རྣམ་པ་གསར་པ་གཏོད་འགོ་ཚུགས་པ་རེད།

    མིག་སྔར་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བ་ཞིག་ཡོད། གོ་སྐབས་དང་འགྲན་སློང་མཉམ་གནས་ཡིན་ཞིང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་གཞི་རྩའི་འགན་ལེན་ཡིན་པ་ལག་ལེན་དང་ཉམས་མྱོང་ཐོག་ནས་ང་ཚོར་བསྟན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་མུ་མཐུད་དེ་ནོར་སྲིད་དང་། ཁྲལ་བསྡུ། མ་འཇོག དངུལ་རྩ་སོགས་ཐད་དམིགས་བསལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་ནི་བོད་ལྗོངས་འཕེལ་རྒྱས་ཡོང་བའི་ལེགས་ཆ་དང་གོ་སྐབས་ཆེ་ཤོས་དེ་ཡིན་པ་སྔར་བས་གསལ་སྟོན་བྱས་ཡོད། ང་ཚོས་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དེ་དམ་འཛིན་ནན་པོ་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་རྟོགས་ངང་འཚམ་པར་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། གནོད་མེད་འཕེལ་རྒྱས་བཅས་ཡོང་བར་སྐུལ་མ་གཏོང་བ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་2020ལོར་སླེབས་སྐབས་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དང་འཚམ་པའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།

    ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་ལ་སྒོ་ཀུན་ནས་འབྱོར་འབྲིང་ཡོང་བ་བྱེད་པར“དམངས་འཚོ་ཁྲིད་སྟོན་དུ་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་ས་ཁུལ་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས”ཞེས་གསུངས་ཡོད། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱུང་ཚེ་ད་གཟོད་མི་སེམས་གཅིག་ཏུ་འགྲིལ་ཐུབ་པ་མ་ཟད་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱང་ལྡན་ཐུབ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པའི་གོམ་སྟབས་མགྱོགས་སུ་གཏོང་བར་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སུ་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ཀྱི་གཞི་རྩའི་ནང་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གོ་བ་ལེན་པ་དང་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་མི་འབོར་དབུལ་པོ་དབུལ་སྒྲོལ་དང་། ཡུལ་མིའི་ཡོང་འབབ་འཕར་སྣོན། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་བཅས་གཞི་རྩའི་དམིགས་ཚད་དུ་བྱས་ནས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཕ་ཡུལ་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་དང་མཚུངས”ཞེས་པ་ལྟར་འཕེལ་རྒྱས་གཏོང་བར་ངེས་པར་དུ་རང་བྱུང་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་རྒྱུན་སྲིང་འཕེལ་རྒྱས་ཤིག་ཡིན། བོད་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། “འཛམ་གླིང་གི་ཡང་རྩེ”“སའི་གོ་ལའི་སྣེ་གསུམ་པ”བཅས་ཡིན་པས་སྣོད་བཅུད་ཁོར་ཡུག་བལྟོས་བཅས་ཉམས་ཞན་དང་གཉོང་ཆུང་བས་གཏོར་བཤིག་བཏང་ཚེ་སླར་གསོ་ཡོང་དཀའ་བ་ཞིག་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས“སྣོད་བཅུད་སྲུང་སྐྱོང་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ནས་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་འབྱུང་ཁུངས་དང་ས་ཞིང་མྱ་ངམ་ཐང་དུ་འགྱུར་ཤུགས་ཆེ་བ་ཚོད་འཛིན་དང་བཅོས་སྒྲིག་བྱས་ཏེ་རྩྭ་ཐང་དང་། འདམ་ར། རང་བྱུང་ནགས་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི”ནན་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་དཔལ་འབྱོར་གོང་འཕེལ་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བ་ཡང་དག་ངང་ཐག་གཅོད་ཡག་པོ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་མ་ཏན་ཏིག་བཏང་ནས་གངས་ལྗོངས་ས་མཐོའི་སྔོ་ཞིང་དྭངས་པའི་རི་ཆུ་ནགས་གསུམ་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།