དབུ་ཤོག>གསར་འགྱུར།
  • ​ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་ལྔ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-21

    “ཁྲིམས་ལྟར་བོད་སྐྱོང་རྒྱུ་ནི་བོད་ལ་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་འགན་ལེན་ཡིན”ཞེས་པ་ནི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་ཡུན་རིང་བདེ་འཁོད་ཡོང་བའི་མཐོ་ཚད་ཐོག་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུ་དེས་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་གལ་ཆེའི་རང་བཞིན་ལ་གསལ་བཤད་གཏིང་ཟབ་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལས་དོན་སྔར་བས་ཡག་པོ་སྒྲུབ་ཕྱིར་བཀོད་སྒྲིག་གནང་བས་དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། མཐའ་མཚམས་བརྟན་ལྷིང་བྱུང་ཚེ་རྒྱལ་ཁབ་གཞི་ནས་ཡུན་རིང་བདེ་འཁོད་དང་མི་དམངས་གཞི་ནས་བདེ་སྡོད་ལས་བརྩོན་ཡོང་ཐུབ། བོད་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་སྟབས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མ་ཡིན་པ་རེད། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པ་དང་བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བོད་ལ་ཡུན་རིང་བདེ་འཁོད་ཡོང་བར་ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་ཁྲིམས་སྐྱོང་ལ་བརྟེན་ནས་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལམ་ལུགས་འགན་ལེན་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཁྲིམས་ལྟར་བོད་སྐྱོང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་པ་དེས་ང་ཚོར་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་དང་ཡུན་རིང་བདེ་འཁོད་ཡོང་བར་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་གནང་ཡོད་པ་རེད།

    ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱ་རྒྱུ་ནི“ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་ཤུགས་ཆེན་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པར་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་སྔར་བས་འཐུས་ཚང་གི་ཁྲིམས་སྲོལ་མ་ལག་ཅིག་གྲུབ་པ་བྱ་རྒྱུ”དེ་རེད། རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་དེ་ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་གཏོང་བའི་གཞི་རྩའི་ལག་ལེན་དུ་བརྩིས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱི་ཁྲིམས་སྲུང་བརྒྱུད་རིམ་ལ་ཟམ་མི་ཆད་པར་སྐུལ་མ་བཏང་སྟེ་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་ཁྲིམས་སྲོལ་དང་སྒྲིག་སྲོལ་མ་ལག་འཐུས་ཚང་དང་། ཁྲིམས་སྐྱོང་ལག་བསྟར་མ་ལག་ནུས་ཆེ། ཁྲིམས་སྐྱོང་ལྟ་སྐུལ་མ་ལག་ནན་པོ། ཁྲིམས་སྐྱོང་འགན་ལེན་མ་ལག་ནུས་ལྡན་བཅས་རིམ་བཞིན་ཆགས་པ་བྱས་ཐོག་ཁྲིམས་སྐྱོང་གི་གཅིག་གྱུར་དང་། གཟི་རྔམ། དབང་གྲགས་བཅས་ལྡན་པ་བྱས་ཏེ་གཞུང་དྲང་དང་དྲང་བདེན་གངས་ལྗོངས་ས་མཐོར་དར་ཁྱབ་ཡོང་བ་བྱེད་དགོས།

    ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱ་རྒྱུ་ནི“ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་འཛིན་དོ་དམ། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་ཡིན་པས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་འགན་ལེན་བྱས་ཁར་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་སློབ་གསོ་ཤུགས་ཆེན་བཏང་ནས་དམངས་ཡོངས་ཀྱིས་བཅའ་ཁྲིམས་ལ་བརྩི་སྲུང་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་ལ་སྲུང་སྐྱོང་། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས”པ་དེ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་དང་བཅའ་ཁྲིམས་ལ་གུས་ཤིང་སྐྲག་པའི་བསམ་པ་བཅངས་ནས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་པ་དང་། ཁྲིམས་ཀྱིས་མ་དཀྲིས་པའི་དབང་ཆ་མི་སྤྱོད་པ། དབང་གིས་ཁྲིམས་གནོན་བྱེད་པ། གཏམ་གྱིས་ཁྲིམས་ཚབ་བྱེད་པ། ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ལྷག་པར་དུ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་ཚང་མས་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་། བཅའ་ཁྲིམས་སློབ་སྦྱོང་བྱེད་པ། བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་པ། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས།

    ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱ་རྒྱུ་ནི“ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་ཐབས་ལམ་ལ་བརྟེན་ནས་འགལ་བ་དང་གནད་དོན་ཐག་གཅོད་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས”པ་དེ་རེད། བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བའི་གཙོ་གནད་ཡིན་པས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱས་ནས་རྒྱལ་གཅེས་ཆོས་ལུགས་ལས་རིགས་མི་སྣའི་ཧུར་སེམས་འདོན་སྤེལ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་འཇོན་ཐང་དང་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་མཐོར་གཏོང་། དགོན་སྡེའི་དོ་དམ་དང་གྲྭ་བཙུན་གྱི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན། ཆོས་དད་རང་མོས་ལ་ཁྲིམས་ལྟར་འགན་ལེན། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་མ་ཧུར་ཐག་གཏོང་དགོས།

    ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱ་རྒྱུ་ནི“ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཁ་ཕྲལ་གྱི་གཏོར་བཤིག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་བཏང་ནས་མེས་རྒྱལ་གཅིག་གྱུར་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”པ་དེ་རེད། “སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་ཕྱོགས་ཁག་གི་ལས་དོན་ལ་གཅིག་འདོམས་འཆར་འགོད་དང་ཕྱོགས་བསྡུས་ཤུགས་འདོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པའི”བླང་བྱ་གཞིར་བཟུང་ཁྲིམས་སྐྱོང་དར་ཆ་མཐོན་པོར་སྒྲེང་བ་དང་ཕུགས་ཕན་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་སློབ་གསོ་ཁྲིད་སྟོན་དམ་འཛིན་ཡག་པོ་བྱེད་པ་དང་། ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་བདེ་འཇགས་ཐད་སྔོན་འགོག་ཚོད་འཛིན་བྱེད་པ། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་བརླགས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་སྐུལ་མ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།