ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་སུ་ཉིང་ཁྲི་གནམ་ཐང་གི་ལས་དོན་པ་ཚོ་ལས་བྲེལ་ཆེན་པོ་ཡོད། གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྒྲོལ་མས་གནམ་ཐང་ཆེན་པོ་མེད་པའི་ཁར། ཡུལ་སྐོར་བ་ལོ་རེ་ལས་ལོ་རེ་མ་འདས་པར་མང་དུ་ཕྱིན་པས། ཡུལ་སྐོར་བ་མང་བའི་སྐབས་སུ་གནམ་གྲུ་སྒུག་ཁང་གི་རྐུབ་སྟེགས་ཀྱང་འདང་གི་མེད་པས། འགྲུལ་པ་མང་པོ་ཞིག་ལངས་ནས་མི་སྡོད་ཀ་མེད་རེད། གནམ་ཐང་གི་ཐོག་མའི་འཆར་འགོད་ལ་གཞིགས་ན། ལོ་བཅུའི་རིང་བཟོ་བཅོས་དང་རྒྱས་སྐྲུན་བྱེད་མི་དགོས་པའི་འཆར་གཞི་ཡོད་མོད། ཉིང་ཁྲིའི་ཡུལ་སྐོར་འཁྲུག་པོ་འདི་འདྲ་ཆགས་ཡོང་བསམ་པ་སུ་ལ་འཁོར་སྲིད་དམ། ང་ཚོས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་ཐབས་ཇུས་མཐའ་འཁྱོངས་བྱས་པར་ཕན་འབྲས་ཆེན་པོ་ཐོན་བྱུང་ཞེས་བཤད།
ནགས་ཚལ་གྱིས་ཉིང་ཁྲི་མཛེས་སྡུག་ལྡན། ཉིང་ཁྲིའི་ནགས་ཚལ་ཁྱབ་ཚད་47.6%ཟིན་པ་དེ་ནི་རྒྱལ་ཡོངས་ཀྱི་གདོད་མའི་ནགས་ཁུལ་ཆེ་ཤོས་དང་མཚོ་བོད་ས་མཐོའི“སྐྱེ་དངོས་གཞི་རྒྱུའི་མཛོད”རེད། གྲོང་ཁྱེར་ཡོངས་སུ་མཛེས་ལྗོངས་ཁུལ་26ཡོད་པ་དང་། ཡར་ཀླུང་གཙང་པོའི་རོང་ཆེན་དང་། རྨིག་སྟོད་འཁྱག་རོམ་སོགས་མཛེས་ལྗོངས་ཁུལ་ཉེ་རིང་གང་སར་སྐད་གྲགས་ཡོད་པས། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“གངས་ལྗོངས་ཀྱི་མུ་ཏིག”ཅེས་པའི་མཚན་སྙན་ལྡན་པས། ཡུལ་སྐོར་ཐོན་ཁུངས་ཀྱང་བོད་ཡོངས་ནས་གཟེངས་སུ་ཐོན།
གངས་ལྗོངས་ས་མཐོའི་སྣོད་བཅུད་ལེགས་ཀྱང་ཧ་ཅང་ཉམས་ཞན་རེད། ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་ཞ་ཉེ་དང་ཏི་ཚའི་གཏེར་ཁ་གསོག་ཚད་ཆེ་བ་དང་སྤུས་ཚད་མཐོ་པོ་ཡོད། གསར་སྤེལ་ལ་ཕྱི་ནས་འཚང་ཁ་ཤིག་ཤིག་ངང་མ་དངུལ་གཏོང་གི་ཡོད་པས། རྫོང་ནས་འགྲོ་སོང་གང་ཡང་གཏོང་མི་དགོས་པར་ཐོན་རྫས་རིན་ཐང་མངོན་གྱི་ཡོད། འོན་ཀྱང་རྫོང་གིས་གཏེར་ཁ་སྔོག་འདོན་གྱི་འདོད་ཚུལ་མི་འཛིན་པར་འདི་ལོ་མ་དངུལ་སྒོར་དུང་ཕྱུར་1.6བསྡུ་སྒྲིལ་བྱས་ནས་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུར་རོགས་རམ་བྱས། རྫོང་དཔོན་དགའ་ལྡན་ཕུན་ཚོགས་ཀྱིས“ས་མཐོའི་སྣོད་བཅུད་དང་སྔོ་ལྗང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཐོན་ཁུངས་སྲུང་སྐྱོང་བྱས་པ་དང་གཉིས་སུ་མ་མཆིས”ཞེས་བཤད།
ཟླ་7ཚེས་16ཉིན་པེ་ཅིང་ནས་ཉིང་ཁྲི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ཉིང་ཁྲི་བོད་སྐྱོད་ཡུལ་སྐོར་བའི་ས་ཚིགས་དང་པོར་གྱུར། ཡུལ་སྐོར་འཕེལ་རྒྱས་གཏོང་བར་དང་ཐོག་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བྱེད་དགོས། 2014ལོར་ཉིང་ཁྲིས་མ་དངུལ་སྒོར་དུང་ཕྱུར་3ཙམ་བཏང་ནས་ཉིང་ཁྲི་གནམ་ཐང་རྒྱས་སྐྲུན་བྱས་ཏེ་ཕྱོགས་བསྡུས་འགན་ལེན་ནུས་པ་ཆེ་རུ་བཏང་བ་དང་། ལས་ཀ་འཕར་མ་བྱས་ཏེ“ལྷ་ཉིང་རིམ་མཐོའི་གཞུང་ལམ”འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར་ལྷ་ས་ནས་ཉིང་ཁྲི་བར་ཆུ་ཚོད་7གྱི་དུས་ཡུན་དེ་ཆུ་ཚོད་3བར་ཐུང་དུ་འགྲོ་རྒྱུ་རེད། ཁྲེང་ཏུའུ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱང་ཨར་ལས་ཀྱི་དུས་ཚོད་ལྡོག་རྩིས་སུ་སླེབས་ཡོད། ནང་ཁུལ་དུ་གང་སར་གཞུང་ལམ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་96.3%དང་། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་95.7%ཟིན་ཅིང་། མིག་སྔར་གྲོང་ཁྱེར་ཡོངས་སུ་ཕྱི་ནང་ཟུང་འབྲེལ་གྱི་བསླངས་གཟུགས་ཡུལ་སྐོར་འགྲིམ་འགྲུལ་དྲ་བ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་ཉིང་ཁྲིས་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དང་། ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན། སྣོད་བཅུད་ཡུལ་སྐོར་དུས་ཚིགས་ཀྱི“དུས་ཆེན་གཉིས་དུས་ཚིགས་གཅིག་ཏུ་གཏོང་བ”བཅས་ཀྱི་བྱེད་སྒོ་གཙོ་གནད་དུ་བཏོད་པས། ཡུལ་སྐོར་བའི་ཡིད་དབང་འཕྲོག་ལ་ཉིང་ཁྲི་དྲིལ་བསྒྲགས་ལའང་ཕན་པ་བྱུང་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་ཁག་གིས་དམངས་སྲོལ་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ལོ་ལྟར་ཐེངས་60ལྷག་ཙམ་གཞོགས་འདེགས་བྱས་ནས་སྤེལ་བས་བྱེད་སྒོར་ཞུགས་མཁན་མི་ཐེངས་ཁྲི་30ལྷག་ཙམ་ཟིན་ཡོད།
“ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་ནའང་འདྲ། ཡང་ན་ཐུན་མིན་དམངས་སྲོལ་ཡིན་ནའང་འདྲ། གང་ལྟར་ཉིང་ཁྲིའི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་མི་རྣམས་ཧང་སངས་ནས་རང་ཡུལ་ལ་ལོག་འདོད་མི་འདུག”སི་ཁྲོན་གྱི་ཡུལ་སྐོར་བ་ལི་མའེ་ཡིས《ཤམ་བྷ་ལ་འཚོལ་བ》ཞེས་པར་བལྟས་རྗེས་དེ་ལྟར་བཤད། 《ཤམ་བྷ་ལ་འཚོལ་བ》ཞེས་པ་ནི་ཉིང་ཁྲིས་རྟག་ཏུ་འཁྲབ་སྟོན་བྱེད་པའི་རྣམ་གྲངས་ཤིག་རེད། དེ་ནི་ཁྲོམ་རར་བརྟེན་ནས་མ་དངུལ་སྒོར་ཁྲི་4700བཏང་ནས་བཏོད་པ་ཞིག་རེད། བོད་རིགས་དང་། མོན་པ། ལྷོ་པ། ཏེང་པ་སོགས་ཀྱི་མི་རིགས་རིག་གནས་གཞི་རྒྱུ་གཙོ་བོར་བྱས་པ་དང་། ཉིང་ཁྲིའི་དུས་བཞིའི་མཛེས་ལྗོངས་སྤེལ་ཟླར་བྱས་ནས་ཉིང་ཁྲིའི་ཆེས་མཛེས་ཤོས་མངོན་པར་བྱས་ཡོད། འཁྲབ་སྟོན་དེ་ནི་2012ལོའི་ཟླ་8པར་འཁྲབ་འགོ་ཚུགས་ཚུན། འཁྲབ་སྟོན་ཐེངས་བརྒྱ་ཙམ་བྱས་པར་ཡུལ་སྐོར་བ་ཚོས་དགའ་བསུ་ཆེན་པོ་ཐོབ་ཅིང་། མིག་སྔར་གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་འཁྲབ་སྟོན་རུ་ཁག་182ཟིན་པ་དག་གིས་ཡུལ་སྐོར་བ་མང་བའི་སྐབས་སུ་ཉིན་ལྟར་བྱེད་སྒོ་སྤེལ་གྱི་ཡོད།
2012ལོའི་རྗེས་སུ་ཉིང་ཁྲིར་རིགས་ཁག་གི་ཨར་ཁང་ལྡབ་གཅིག་ཙམ་འཕར་ནས་ད་ཆ་ཨར་ཁང་300ལྷག་ཙམ་ཡོད། ཁྱིམ་ཚང་མགྲོན་ཁང་ཡང་གློ་བུར་དུ་འཕར་ནས་300ལྷག་ཙམ་ཟིན་ནས“ཁང་པ་འཚོལ་དཀའ་བའི”དཀའ་གནད་རིམ་བཞིན་ཐག་གཅོད་ཐུབ་པ་དང། བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་དུད་ཚང་63མང་ཆེ་བས་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད།
“ནགས་ཚལ”གྱིས་ཉིང་ཁྲི་མཛེས་སྡུག་ལྡན་པར་གྱུར་པ་དང་། སྣོད་བཅུད་སྲུང་སྐྱོང་བྱས་པའི་ཕན་འབྲས་ཐོན་ནས། ཡུལ་སྐོར་ལས་རིགས་ལོ་རེ་ལས་ལོ་རེ་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་ཡོད། 2014ལོར་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་280ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་དུང་ཕྱུར་26བྱུང་བ་དེ་དག་ལོ་གོང་མའི་དུས་མཚུངས་ལས་12.2%དང་16.6%སོ་སོར་འཕར་ཡོད། ཡུལ་སྐོར་ལས་རིགས་ཀྱི་ཐོན་རྫས་རིན་ཐང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་28%བཟུང་ནས་མིང་དོན་མཚུངས་པའི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད།