དབུ་ཤོག>གསར་འགྱུར།
  • ཏང་དང་མི་དམངས་ཀྱིས་བློས་འཁེལ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-18

    “བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་རང་སོ་སོའི་ལས་གནས་ཐོག་སྔར་བས་ཆེ་བའི་བྱས་རྗེས་འཇོག་དགོས”། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་གཞི་ཚུགས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་བ་དང་། ཏང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་ལས་བྱེད་པར་ཐུགས་ཁུར་གཅེས་སྐྱོང་དང་རེ་བ་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཡོད་པས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

    “སྲིད་ཡག་པོ་སྐྱོང་བར་གཙོ་བོ་ཤེས་ལྡན་པ་ཡག་པོ་རག་པ་བྱེད་དགོས”ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པ་དེ་ལས་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ལ་རག་ལས་པ་དང་། ཏང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཐད་ཀའི་འབྲེལ་བ་ཡོད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཕེལ་རིམ་དང་ཐད་ཀའི་འབྲེལ་བ་ཡོད། དུས་བབ་གསར་པའི་འོག་བོད་ཀྱི་ལས་འགན་གསར་པ་དེས་རང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པར་སྔར་བས་ཆེ་བའི་བླང་བྱ་གསར་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོར་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་སེམས་ཁུར་བྱས་ནས་དམིགས་བསལ་གྱི་གླ་ཕོགས་སྲིད་ཇུས་དང་ཕན་བདེའི་ཐོབ་ཐང་གི་འབྲེལ་ཡོད་གཏན་འབེབས་བཟོས་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ང་ཚོས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་ཁོང་དུ་ཆུད་པ་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ་དང་ཏང་དང་མི་དམངས་ཀྱིས་བློས་འཁེལ་བའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

    “ཉེན་ཁ་འཕྲད་དུས་བློ་རྩ་བརྟན་མིན་ཤེས། བློ་དཀར་ཡིན་མིན་ཟང་ཟིང་དུས་སུ་རྟོགས”བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དེ་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ཐོག་ནས་ང་ཚོས་ཡིད་ཆེས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་བླ་སྲོག་ཏུ་བརྩིས་ཏེ་གནས་བབ་ཨང་དང་པོར་འཇོག་པ་དང་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་ལངས་ཕྱོགས་བརྟན་པོ་བྱས་ཏེ་དུས་གང་རུང་དང་གནས་ཚུལ་གང་རུང་འོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འགན་འཁུར་ཕོད་པ་དང་མདུན་སྐྱོད་བྱེད་ཕོད་པ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཡིན་མིན་ཆེན་པོའི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ། གོམ་སྟབས་གཅིག་གྱུར་བཅས་བྱེད་པ་ལས“མགོ་གཉིས་མ”མི་བྱེད་པ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་གཟབ་ནན་དང་སྒྲིག་སྲོལ་ནན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཆེད་དུ་སྲིད་སྐྱོང་བ། དབང་ཆ་དམངས་ཆེད་དུ་སྤྱོད་པ། བརྩེ་དུང་དམངས་ལ་བཅངས་པ། དམངས་ལ་ཁེ་ཕན་གཉེར་བ་བཅས་བྱས་ནས་མི་དམངས་ལ་ཁེ་ཕན་བསྐྲུན་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ནི་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་སྦྲེལ་ཟམ་དང་སྒྲོག་ཐག་གལ་ཆེན་ཞིག་རེད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ་དེ་བོད་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་དོན་གལ་ཆེན་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མར་རང་རེའི་ཏང་གིས“གྲངས་ཉུང་མི་རིགས་ཁག་གི་ལས་བྱེད་པ་ཡོངས་ཁྱབ་ངང་གསོ་སྐྱོང་འབོར་ཆེན་བྱེད་དགོས་པའི”བྱེད་ཕྱོགས་བཏོན་གནང་ཡོད། དུས་བབ་གསར་པའི་འོག་དང་ལྷག་པར་དུ་ཆབ་སྲིད་ཐོག་བློས་འཁེལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་ཀྱི་ཕུལ་བྱུང་གི་བོད་རིགས་ལས་བྱེད་པ་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། བྱ་ཐབས་སྣ་མང་ཐོག་ནས་དུས་དབྱེ་ཁག་བགོས་ངང་མི་རིགས་ལས་བྱེད་པ་སློབ་གླིང་དང་སློབ་གྲྭར་རེས་མོས་གསོ་སྦྱོང་བྱ་རྒྱུར་འདེམས་གཏོང་དང་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཕུལ་དུ་བྱུང་བའི་མི་རིགས་ལས་བྱེད་པ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ལ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བྱང་ཚད་མཐོ་རུ་ཕྱིན་པ་དང་། འདུ་ཤེས་གསར་བརྗེས་ཐུབ་པ། མཐོང་རྒྱ་ཆེ་རུ་ཕྱིན་པ། འཇོན་ཐང་ཆེ་རུ་ཕྱིན་པ་བཅས་བྱེད་དགོས།

    “སྤྱོད་ཚུལ་འཛུགས་སྐྱོང་དེ་ནམ་ཡང་གི་བརྗོད་གཞི་ཞིག་རེད”སྤྱོད་ཚུལ་འཛུགས་སྐྱོང་དེ་ཏང་གི་གཟུགས་བརྙན་དང་། བློ་ཕྱོགས་གཏད་མིན། བྱ་གཞག་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུ་ལྟེ་བར་བྱེད་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དེ་རང་རེའི་ཏང་ལ་གྲུབ་འབྲས་ཐོབ་པའི་ལམ་བུ་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། མང་ཚོགས་བློ་ཡིད་ཚིམ་པ་ཡོང་བ་བྱ་རྒྱུ་དེ་ཚད་གཞི་འབའ་ཞིག་ལ་བརྩིས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” “མི་བྱེད་པ་གསུམ་དང་མི་སྐྲག་པ་བཞི”བཅས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་སེར་ལ་བདེ་བ་བསྐྲུན་རྒྱུ་དེ་དངོས་གནས་རང་ཉིད་ཀྱི་འགན་འཁྲི་ཆེ་ཤོས་སུ་བརྩིས་ཏེ་སྤྱོད་ཚུལ་གང་ལེགས་ཀྱི་ཐོག་ནས་མི་སེམས་གཅིག་ཏུ་འགྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། “ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུར་ནན་ཏན་ལ་སྣང་ཆེན་བྱེད་པ་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱ་རྒྱུའི་ཐད་ནུས་པ་འདོན་སྤེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་མེད་པ་དང་། དད་སེམས་བརྟན་པོ་མེད་པ། བསམ་བློ་བརྟན་པོ་མེད་པ། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་མེད་པ། མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་འཇོག་པ། མང་ཚོགས་ཀྱི་དཀའ་སྡུག་སེམས་ནང་མི་འཇོག་པ། ཏང་གཤིས་བློ་སྦྱོང་མི་འདང་བ། ཏང་གི་རྩ་དོན་ལ་སྣང་ཆེན་མི་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དབང་ཆ་གང་བྱུང་དུ་བེད་སྤྱོད་གཏོང་བ་དང་། དབང་ཆར་བརྟེན་ནས་ཁེ་ཕན་དོན་གཉེར་བྱེད་པ། དཔོན་ཚོང་ངན་འབྲེལ། ཁེ་ཕན་སྤྲོད་པ། ཉིན་མ་གང་འཁྱོལ། འགན་མི་འཁུར་བ། འགན་འཁུར་མི་ཕོད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ནུས་ཤུགས་ཡོད་རྒུས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་སྣང་མེད་དུ་འཇོག་པ་དང་ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ་དང་། མི་དྲང་པོ་དྲང་བཞག་མི་བྱེད་པ། མངོན་བརྩི་ལྐོག་འགལ། རང་འདོད་རང་སྣང་བྱེད་པ། སེམས་ནང་ཏང་སྒྲིག་མེད་པ། སེམས་ནང་རྒྱལ་ཁྲིམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་བྱས་རྗེས་གསར་པའི་ཐོག་ནས་དཔུང་ཁག་འཛུགས་སྐྱོང་ལ་རྣམ་པ་གསར་པ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།