དབུ་ཤོག>གསར་འགྱུར།
  • ​ མང་ཚོགས་ལ་ཕྱུག་འགྱུར་འབབ་འཕར་གྱི་ ཐབས་ལམ་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-18

    ཉེ་བའི་ལོ་ཤས་རིང་སྨར་ཁམས་རྫོང་གིས“ཁྱད་ལྡན་ཞིང་འབྲོག་ལ་བརྟེན་ནས་རྫོང་སྐྲུན་པ་དང་། གཏེར་ཐོན་ཆུ་གློག་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོ་ཆགས་པ་བྱེད་པ། རིག་གནས་སློབ་གསོར་བརྟེན་ནས་རྫོང་དར་རྒྱས་གཏོང་བ་བཅས”ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ཏེ་ས་བབ་ཀྱི་ལེགས་ཆ་ལྡན་པ་དང་འགྲན་སློང་ནུས་པ་ཆེ་བའི་ཁྱད་ལྡན་ཐོན་ལས་ཁག་གཅིག་བཏོད་པ་དེས་ཞིང་འབྲོག་ལས་ཐོན་འཕར་དང་། ཞིང་འབྲོག་པར་འབབ་འཕར། གྲོང་གསེབ་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་ཁེ་ལས་དང་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་འབྲེལ་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཁྱབ་ཚད་མཐོ་རུ་ཏན་ཏིག་བཏང་ཞིང་། འཇང་དང་། རྨོག་ཤོད། ཆུ་ཚན་ཁ་བཅས་ཤང(གྲོང་རྡལ)གསུམ་དུ་རྒུན་འབྲུམ་མུའུ་3950བཏབ་སྟེ་ཞིང་དུད་1200ལ་སྣེ་ཁྲིད་བྱས་པ་དང་། ཟུར་སྡེ་ཤོད་ཤང་དུ་སུར་པན་མུའུ་1500བཏབ་སྟེ་ཞིང་དུད་656ལ་སྣེ་ཁྲིད་བྱས་པ། ཆུ་ཚན་ཁ་ཤང་དུ་གཡེར་མ་མུའུ་300བཏབ་སྟེ་ཞིང་དུད་180ལ་སྣེ་ཁྲིད་བྱས་པ། བྱིས་གྲོངས་ཤང་དུ་སྒོག་པ་མུའུ་400བཏབ་སྟེ་ཞིང་དུད་116ལ་སྣེ་ཁྲིད་བྱས་པ། སྒར་ཐོག་གྲོང་རྡལ་དུ་ས་ཁྱོན་མུའུ་44.96བཟུང་བའི་སྔོ་ཚལ་ཐོན་མཐོའི་ཉི་འོད་དྲོད་ཁང་སྟར་པ་40བསྐྲུན་ནས་ཞིང་དུད་12ལ་སྣེ་ཁྲིད་བྱས་པ་བཅས་རེད།

    གྲོང་གསེབ་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གསོ་ཚགས་ལས་རིགས་ཀྱི་རྟེན་གཞིའི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་བཏང་ཞིང་། སྲིད་ཇུས་ལ་བརྟེན་ནས་ལྕག་སྐུལ་བྱེད་པ་དང་། མ་དངུལ་ལ་བརྟེན་ནས་རོགས་སྐྱོར་བྱེད་པ། ལག་རྩལ་གསོ་སྦྱོང་བྱེད་པ་སོགས་འགན་ལེན་བྱ་ཐབས་བརྒྱུད“ཤང་རེར་ཐོན་རྫས་རེ་ཡོད་པའི”ཐོན་ལས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། འཇང་དང་། རྨོག་ཤོད། ཆུ་ཚན་ཁ་བཅས་ཤང་གསུམ་དུ་མ་དངུལ་སྒོར་ཁྲི་164བཏང་སྟེ་བོད་བྱ་གསོ་ཚགས་རྟེན་གཞི་བསྐྲུན་ཐོག་གསོ་ཚགས་དུད་ཚང་422མང་དུ་བཏང་བ་དང་བོད་བྱ་48399གསོ་ཚགས་བྱས་པ་དང་། གྲུ་པ་རོང་དང་། ཟུར་སྡེ་ཤོད། རོང་མེ་སོགས་སྐམ་ཤས་དང་ཚ་བ་ཆེ་བའི་ལུང་གཞུང་དུ་གནས་པའི་ཤང(གྲོང་རྡལ)དུ་མ་དངུལ་སྒོར་ཁྲི་414བཏང་སྟེ་ར་ནག་གསོ་ཚགས་རྟེན་གཞི་བཙུགས་ནས་གསོ་ཚགས་དུད་ཚང་100མང་དུ་བཏང་བ་དང་ར་ནག་8000ལྷག་ཙམ་གསོ་ཚགས་བྱས་པ། འབུམ་པ་དང་། རོང་མེ། རྨོག་ཤོད་སོགས་ཤང(གྲོང་རྡལ)དུ་བོད་ཕག་གསོ་ཚགས་བྱེད་མཁན་མང་དུ་བཏང་སྟེ་བོད་ཕག་3000ལྷག་ཙམ་གསོ་ཚགས་བྱས་པ་དང་འབྲེལ་བོད་ཕག་དང་རི་ཕག་རང་བཞིན་གྱིས་སྡེབ་སྦྱོར་བྱེད་པའི་བྱ་ཐབས་བརྒྱུད་བོད་ཕག་གི་རྒྱུད་པ་ལེགས་སུ་བཏང་བ། སྒར་ཐོག་གྲོང་རྡལ་གྱི་འཕུར་ལ་གྲོང་ཚོ་དང་སྤ་ར་གྲོང་ཚོར་སྤུས་ལེགས་ནས་ཞིང་རྟེན་གཞི་འཛུགས་སྐྲུན་བྱས་པར་རིམ་པ་དང་པོའི་སོན་ཞིང་མུའུ་300དང་རིམ་པ་གཉིས་པའི་སོན་ཞིང་མུའུ་4000བསྐྲུན་ཟིན་པ་རེད།

    ཚྭ་ཁ་ལྷོ་དང་ཆུ་ཚན་ཁ་སོགས་ས་ཆ་ཆབ་མདོའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར་ཧུར་ཐག་བཏོད་ནས་སྔོ་ཚལ་རྟེན་གཞིར་མུའུ་2000དང་ཐོན་འབོར་སྤྱི་རྒྱ་ཁྲི་1215ཟིན་པའི་བརྩོན་ལེན་བྱས་ཤིང་། མིག་སྔར་ཐོན་མཐོའི་ཉི་འོད་དྲོད་ཁང་ཆེ་མོ་90དང་འགྱིག་ཤོག་དྲོད་ཁང་ཆེ་མོ་སྟར་པ་100བསྐྲུན་ཟིན་པ་དེས་ས་ཁྱོན་མུའུ་161བཟུང་བ་དང་2015ལོར་ཐོན་མཐོའི་ཉི་འོད་དྲོད་ཁང་ཆེ་མོ་100བསྐྲུན་རྩིས་ཡོད་པ་དང་། རྒུན་འབྲུམ་ཨ་རག་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མ་དངུལ་སྒོར་ཁྲི་2817.3བཏང་ནས་འཇང་དང་། རྨོག་ཤོད། ཆུ་ཚན་ཁ་སོགས་ལྷོ་རྒྱུད་ཤང(གྲོང་རྡལ)དུ་ཞིང་འབྲོག་མང་ཚོགས་ལ་རྒུན་འབྲུམ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྔར་བས་ཁྲིད་སྟོན་དང་རོགས་སྐྱོར་བྱས་ཐོག་རྒུན་འབྲུམ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞི་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ཡག་པོ་བྱས་ཏེ་འདེབས་འཛུགས་རྒྱ་ཁྱོན་མུའུ་3100གསར་འཕར་གྱིས་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་མུའུ་5500ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།