འགྲོ་ལམ་དེ་ཏང་གི་ལས་དབང་དང་། རྒྱལ་ཁབ་ཀྱི་མདུན་ལམ། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད།
“འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ཐོབ་པའི་ཐོག་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོའང་མངོན་ཡོད”ཅེས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་མི་དམངས་ལ་རང་ཐག་རང་གཅོད་དངོས་འབྲེལ་འགན་ལེན་ཐུབ་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ། བོད་མི་དམངས་འདི་ཉིད་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་མཉམ་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་ཐུབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་མངོན་པར་གནང་ཡོད།
“ལོ་ངོ་50རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་བློ་སྟོབས་ཆེར་བསྐྱེད་དང་། མཐུན་སྒྲིལ་འབད་འབུངས། དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་ངོ་མཚར་ཡང་ཡང་བཏོད་དེ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་སྟེ་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད” བོད་དུ་དུས་རབས་ཕྱེད་ཙམ་རིང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འོད་སྟོང་འཕྲོ་བའི་ལག་ལེན་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་སྐྱོད་དགོས་པའི”ཆོད་གཏམ་གལ་ཆེན་ལ་ཞིབ་དཔྱད་ར་སྤྲོད་གནང་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱིས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་དེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མ་ཐེབས་པའི་སྒོ་ནས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
ཡིད་ཆེས་དང་ཆོད་སེམས་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཆེན་པོ་ལས་བྱུང་ཡོད། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་འགྲོ་ལམ་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ལམ་ལུགས་ཇུས་འགོད་ཐད་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བརྗོད་བྱ་གཙོ་བོའི་ཐད་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས། བསམ་བློའི་སྒྲོག་ཐག་ཐད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས། མི་རིགས་འབྲེལ་བའི་ཐད་མི་རིགས་ཁག་གཅིག་མཚུངས་འདྲ་མཉམ་མཐའ་འཁྱོངས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་བཏང་བ་ཞིག་ཡིན། ལག་ལེན་གྱི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཐག་བཅད་པའི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་པ་དེ་རང་རྒྱལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པའི་ར་སྤྲོད་ཐུབ་ཡོད།
ཡིད་ཆེས་དང་ཆོད་སེམས་ནི་མི་དམངས་ཀྱི་རང་ཐག་རང་གཅོད་དང་རང་ཉིད་ཀྱི་ལས་དབང་སྟངས་འཛིན་བྱེད་པའི་རླབས་ཆེན་གསར་གཏོད་ལས་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ནི་བོད་རྙིང་པར་མི་དབང་དང་མི་གཤིས་རྡོག་རོལ་གཏོང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་རྦད་དེ་ཐ་དད་པའི་འགྲོ་ལམ་ཞིག་རེད། མི་རིགས་ཁག་གི་མི་དམངས་ཚོར་མི་རིགས་དེ་དང་ས་ཁུལ་དེའི་ལས་དོན་ལ་རང་བདག་དོ་དམ་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34264དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཁྲི་11ལྷག་ཙམ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་300ལྷག་ཙམ་ཡོད་པ་དེ་དག་ནི་བོད་རྙིང་པར་སྔར་ཐོས་མྱོང་མེད་པའི་ཆབ་སྲིད་ཀྱི་དབང་ཆ་ཞིག་ཡིན་པས་རྒྱལ་ཁབ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་མི་དམངས་ཀྱི་བདག་པོར་གྱུར་པའི་རང་བཀུར་གྱི་བསམ་པ་དང་། རང་རྟོན་གྱི་བསམ་པ། རང་གི་སྤོབས་སེམས་བཅས་སྔར་བས་ཆེ་རུ་སོང་བ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མི་རིགས་ཁག་གི་མི་དམངས་ཚོའི་ངོས་འཛིན་གཅིག་གྱུར་སྔར་བས་ཆེ་རུ་སོང་ཡོད།
ཡིད་ཆེས་དང་ཆོད་སེམས་ནི་དུས་ཐུང་ལོ་བཅུ་གྲངས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་ལས་བྱུང་ཡོད། དུས་རབས་ཕྱེད་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་ཁྲིད་དེ་དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་དུ་གོང་འཕེལ་བྱུང་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་281མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་ལྡབ་38.9དང་ལྡབ་42.1སོ་སོར་འཕར་བ། མི་རེའི་ཆ་སྙོམས་ཚེ་ཚད་དེ་ལོ་35.5ནས་68.2བར་མཐོ་རུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་འཕར་བ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ད་ཆའི་བོད་ཀྱི་རོལ་དབྱངས་ལེ་ཚན་ཁྲོད་སྙན་འཇེབས་ལྡན་ཤོས་ཀྱི་སྒྲ་དབྱངས་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཡིད་ཆེས་དང་ཆོད་སེམས་ནི་དུས་སྐབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་འཐབ་ཇུས་ཁྲིད་སྟོན་ལས་བྱུང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཕྱོགས་ཡོངས་ནས་བཀོད་ཡོད། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། “བློ་བརྟན་འགྱུར་མེད་བཞི”མཐའ་འཁྱོངས། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་སོགས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གིས་ཀྲུང་གོའི་་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་རྒྱུར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་མཁོ་འདོན་བྱས་ཡོད། འགྲོ་ལམ་དེའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཚེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་ལོ་རྒྱུས་ཀྱི་ངོ་མཚར་གཏམ་རྒྱུད་ང་ཚོས་རྩོམ་ཐུབ་ངེས་ཡིན།