དབུ་ཤོག>གསར་འགྱུར།
  • རི་བོ་སྔོ་ལ་ཆུ་མོ་དྭངས། དམངས་རྣམས་ཡོང་འབབ་གསོག་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-16

    ■ གླེང་གཞི།

    རི་ཁའི་ལྟོ་རྟེན་རི་ཡིན། མཚོ་ཁའི་ལྟོ་རྟེན་མཚོ་ཡིན། ཀུན་གྱིས་ཤེས་གསལ་ལྟར། ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་མཐུན་རྐྱེན་ཡག་པོ་འཛོམས་པ་མ་ཟད། ལྗོངས་ཕྱི་ནང་གི་མ་རྩ་གཏོང་མཁན་མང་པོར་ཚོང་ལས་ཀྱི་གོ་སྐབས་བཟང་པོ་ཞིག་ཀྱང་བསྐྲུན་ཡོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཚོང་འགུཌ་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ནགས་ཁྲོད་ཐོན་ཁུངས་ཀྱི་ཐོན་ལས་སྦྲེལ་ཐག་རིམ་གྱིས་ཇེ་རིང་དུ་བཏང་བ་དང་། ནགས་ཁྲོད་ཡུལ་ཟོག་འབོར་ཆེན་ཞིག་རི་གྲོང་ནས་ཐོན་པས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་ཡང་སྔར་བས་རྒྱ་ཆེར་ཕྱིན། ད་ལྟ་ལོ་གཅིག་དུས་གཅིག་གི་སྔོག་འཐུའི་ལས་བྲེལ་ཆེ་བའི་དུས་སུ་སླེབས་པས། མང་ཚོགས་ཀྱི་ཡོང་འབབ་མང་དུ་ཇི་ལྟར་གཏོང་བ་དང་། ཕྱུག་འགྱུར་ཐབས་བཟང་ཇི་འདྲ་འདོན་དགོས་སམ། ཡོང་འབབ་གསོག་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། གསར་འགོད་པས་གོང་གསལ་གནས་ཚུལ་ལས་འཕྲོས་ཏེ་ཆེད་དུ་བཅར་འདྲི་བྱས་པ་ཡིན།

    ཟླ་8པའི་བོད་ཤར་ལྷོའི་རྒྱུད་དུ་ཆར་ཞོད་ཆེ་བས་ལམ་དུ་བསྐྱོད་དཀའ། འོན་ཀྱང“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཏེ་ཉིང་ཁྲི་གྲོང་ཁྱེར་དུ་ཆར་པ་སིམ་སིམ་བབས་པ་དེར་ནགས་ཁྲོད་དུ་འཚོ་བའི་མང་ཚོགས་ཀྱིས་བལྟས་ན། དེ་ནི་བེ་ཤ་ཕོན་ཆེན་སྐྱེ་ངེས་ཡིན་པའི་རྟགས་མཚན་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་གནམ་གཤིས་ལེགས་ལ་ནགས་ཚལ་སྟུག་པས། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ནགས་ཚལ་དུ་རམ་མཉེ་སོགས་རི་སྐྱེས་སྨན་རྩྭ་སྣ་ཁ་2400ལྷག་ཙམ་དང་བེ་ཤ་སོགས་ཟ་ཆོག་པའི་རི་སྐྱེས་ཤ་མོ་སྣ་ཁ་200ལྷག་ཡོད་པ་མ་ཟད། ད་དུང་རི་སྐྱེས་སྔོ་ཚོད་འབོར་ཆེན་ཡོད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ནགས་ཁྲོད་ཐོན་ཁུངས་གོང་འཕེལ་ཤུགས་ཆེན་བཏང་བས། ནགས་ཁྲོད་ཐོན་ཁུངས་འདི་ཉིད་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་གལ་ཆེན་དུ་གྱུར་ཏེ་ནགས་ཁྲོད་ཐོན་ཁུངས་ཡོང་འབབ་ཀྱིས་ཞིང་འབྲོག་པའི་ཡོང་འབབ་ཀྱི་35%ཙམ་དང་དངུལ་སྨར་ཡོང་འབབ་ཀྱི་60%ནས་70%བར་བཟུང་ཡོད་ཅིང་། བེ་ཤ་ལ་ཆ་མཚོན་ན། 2014ལོར་ཉིང་ཁྲི་གྲོང་ཁྱེར་གྱི་བེ་ཤ་ཐོན་ཚད་ཏུན་400ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་2800ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཟ་ཆོག་པའི་ཤ་མོ་སྣ་ཁ་240ལྷག་ཙམ་ཟིན་པ་དང་། སྨན་སྤྱོད་རྩི་ཤིང་སྣ་ཁ་500ལྷག་ཟིན་ཞིང་། གཙོ་བོ་བེ་ཤ་དང་རླམ་རྩྭ་ཕོ་སུལ་སོགས་ཤ་མོ་དང་། གཞན་ཡང་ད་དུང་གྱོ་མའི་རིགས་སོགས་ཀྱང་ཡོད། ད་ཆར་བེ་ཤ་འབོར་ཆེན་སྐྱེ་བའི་དུས་ཚིགས་ཡིན་པས་བེ་ཤ་ཁྱབ་གདལ་གཏོང་ཆེད་ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་ལྟར་ཟླ་བདུན་པ་དང་བརྒྱད་པའི་སྐབས་བེ་ཤའི་ཞལ་ཟས་དུས་ཆེན་གཟབ་རྒྱས་གཉེར་ནས་ཉིང་ཁྲིའི་བེ་ཤ་ཁྱབ་གདལ་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    མི་སེར་གྱི་འབབ་འཕར་ཡོངས་ཁུངས་བེ་ཤ་ཁོ་ན་ག་ལ་ཡིན། དབྱར་ཁའི་ཀླུ་ནང་དུ་རི་བོ་མཐོན་པོའི་ཕྱོགས་ཀུན་ཏུ་རི་སྐྱེས་མེ་ཏོག་གིས་ཁེངས་པ་དང་། ཐང་ཤིང་དང་ཤུག་པ་ཆེན་པོ་གང་སར་སྐྱེས་པས་རྒྱང་རིང་ནས་བལྟས་ཚེ། མཐའ་བཞིའི་རི་བོ་དག་ལྗང་ཐིང་ཐིང་དུ་སྣང་། ཚང་ཚིང་ནགས་ཚལ་གྱིས་བརྒྱན་པའི་རི་ལྡེབས་སུ་ཅི་དགར་རོལ་བའི་རྟ་ནོར་ལུག་གསུམ་དང་། ད་དུང་ཤིང་གི་ར་བས་བསྐོར་བའི་ས་ཞིང་དང་ལྡུམ་ར་སོ་སོར་ཕྱེ་ནས་འདུག རི་རྩེའི་སྨུག་སྤྲིན་དག་ཀླུ་ནང་གི“དཔྲལ་བར”བཅིངས་པའི་དར་གྱི་ལ་ཐོད་དང་གཉིས་སུ་མ་མཆིས།

    རང་བྱུང་མཐུན་རྐྱེན་ཡག་པོ་ལས་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་ཕྱུག་པོར་གྱུར་བ་མ་ཟད། མ་རྩ་གཏོང་མཁན་མང་པོའི་མིག་དབང་ཡང་ཡུལ་དེས་འཕྲོག་པར་གྱུར། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་གསུམ་པའི་ཉིང་ཁྲིའི་བེ་ཤ་ཞལ་ཟས་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ཉིང་ཁྲི་གྲོང་ཁྱེར་གྱི་ཤིན་ཝང་ས་ཚལ་ཐོན་ཁུངས་ཚད་ཡོད་ཀུང་སི་དང་། རི་པིན་ཐོ་ཁེའོ་ཅིང་དབྱིང་ཀྲུའུ་ཧྲེ་ཧུའེ་ཧྲེ། བོད་ལྗོངས་ཉིང་ཁྲི་གནས་མཆོག་ཤིན་ན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། པེ་ཅིང་ཧོ་ཀྲོང་ཏ་ནུང་ཁེ་ལས་མ་འཇོག་ཚད་ཡོད་ཀུང་སི་བཅས་ཀུང་སི་4ཡིས“ཉིང་ཁྲིའི་བེ་ཤའི”ཐོན་རྫས་རབ་དང་རིམ་པའི་ཁྲོམ་ར་གསར་སྤེལ་མཉམ་ལས་ལ་རིན་ཐང་བསྡོམས་འབོར་སྒོར་ཁྲི་1200ཡན་གྱི་གྲོས་མཐུན་བཞག་ཡོད་པ་རེད།

    “ཡོང་འབབ་གསོག་དགོས་ལ། སྣོད་བཅུད་ཁོར་ཡུག་ལའང་སྲུང་སྐྱོང་ལེགས་པོ་བྱེད་དགོས” ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲི་ཅུན་གྱི་སྐད་ཆར་སྤོབས་ཉམས་ལྡན། ཚད་ཡོད་ཐོན་ཁུངས་ནམ་ཡང་སྤྱོད་ཐུབ་པ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཁྲོད་ཐོན་ཁུངས་ཀྱི་གསར་སྤེལ་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་། ས་གནས་ཁག་གི་དོན་དངོས་གནས་ཚུལ་གཞིར་བཟུང་། སྔ་རྗེས་སུ་ནགས་ཚལ་ཐོན་ཁུངས་དོ་དམ་བྱེད་ཐབས་བཏོན་པ་དང་། སྲུང་སྐྱོང་ཤེས་བྱ་ཟབ་ཏུ་བཏང་ནས་ཚད་ལས་འདས་པའི་སྔོག་འཐུ་དང་གསར་སྤེལ་བྱེད་མཚམས་བཞག་པ་རེད།

    ནགས་ཁྲོད་ཐོན་ཁུངས་ཀྱི་ལེགས་ཆ་ཁྱོན་ཡོངས་ནས་གསར་སྤེལ་དང་བེད་སྤྱོད་བཏང་བ་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་མང་ཚོགས་ལ་ནགས་ཁྲོད་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིད་སྟོན་ཧུར་ཐག་གིས་བོད་ཤར་ལྷོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བཏོད་པ་རེད། སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ་ལིའུ་ཅན་གྱིས་གསར་འགོད་པར་ལོ་ལྟར་ནགས་ཁྲོད་ཐོན་ཁུངས་ཀྱི་སྔོག་འཐུ་མཇུག་འགྲིལ་རྗེས་སྤོ་བོ་རྫོང་གིས་དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་ཀྱིས་རི་མགོར་སྔོ་ཁེབས་སླར་གསོ་དང་། མི་ཐབས་ལ་བརྟེན་ནས་གད་སྙིགས་གཙང་སེལ། སྔོག་འཐུར་བརྟེན་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཆུང་ཤོས་སུ་ཡོང་བ་བཅས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ལག་རྩལ་མི་སྣས་ནགས་ཁྲོད་ཐོན་ཁུངས་འབེལ་ཁུལ་གྱི་ཁོར་ཡུག་ལ་རྩད་གཅོད་དང་ལྟ་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།