བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ལ་སྔོན་ནས་ཞོག་ཁོག་འདེབས་པའི་སྲོལ་རྒྱུན་ཡོད་མོད། འོན་ཀྱང་ཆ་སྙོམས་མུའུ་རེའི་ཐོན་ཚད་དང་ཚོང་ཚད་དམའ་པོ་རེད། ཁུལ་དེར་ཧེ་ལུང་ཅང་ཞིང་ཆེན་ཁེ་ཧྲན་རྫོང་སོགས་ས་ཆ་ནས་ཞོག་སོན་སྤུས་ལེགས་སྣ་ཁ་ནང་འདྲེན་བྱས་རྗེས། མུའུ་རེའི་ཐོན་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཞིང་། གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བས། མུའུ་རེ་ནས་ཡོང་འབབ་སྒོར་ཆིག་སྟོང་ཡན་ཟིན་བཟོ་ཡོད།
2013ལོའི་ལོ་སྨད་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པ་རིན་སྤུངས་རྫོང་དུ་འབྱོར་རྗེས་འདེབས་སྟངས་རྗེས་ལུས་དང་། ཞོག་སོན་ཡག་པོ་མེད་པ། སྤུས་ཚད་ཞན་པ་སོགས་ཡིན་པའི་ཁར། ཁུལ་དེའི་ཞོག་ཁོག་ཆ་སྙོམས་མུའུ་རེའི་ཐོན་ཚད་ཏུན་1.5ཙམ་ལས་མེད་ཅིང་། སྤྱིར་ན་འཚོང་མི་ཐུབ་པ་ཤེས་སྟབས། ཧེ་ལུང་ཅང་ཞིང་ཆེན་ཁེ་ཧྲན་རྫོང་གི་བོད་སྐྱོར་ལས་བྱེད་པ་རིན་སྤུངས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་པའོ་ཀྲུའུ་གནས་བཟོད་མི་བདེ་བར་གྱུར།
ཁེ་ཧྲན་རྫོང་ནི་སུང་ནན་ཐང་གཤོངས་ཀྱི་དབུས་སུ་གནས་པ་དང་། ཉེ་ལམ་ལོ་ཤས་རིང་ཞོག་ཁོག་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བས། “ཀྲུང་གོའི་ཞོག་ཁོག་ཐོན་ཁུལ་ཆེན་པོ”ཞེས་འབོད་ཀྱི་ཡོད། མ་གཞི་བོད་ལྗོངས་དང་བར་ཐག་སྤྱི་ལེ་5000ལྷག་ཙམ་ཆོད་མོད། འོན་ཀྱང་ཁུལ་དེའི་དྲོད་ཚད་སྙོམས་པ་དང་ཆར་ཆུ་འབབ་ཚད་སོགས་ཀྱི་གནམ་གཤིས་ཆ་རྐྱེན་རིན་སྤུངས་རྫོང་དང་འདྲ་པོ་ཡོད།
“ཁེ་ཧྲན་རྫོང་གི་ཞོག་ཁོག་ནང་འདྲེན་བྱས་ནས་བོད་ཀྱི་ཞིང་པར་འབབ་འཕར་ཡོང་སྲིད་དམ”དེའི་ཐད་རིན་སྤུངས་རྫོང་གི་ལས་དོན་རུ་ཁག་གིས་བརྟག་དཔྱད་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་མཐར། མ་དངུལ་སྒོར་ཁྲི་100བཏང་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་ཞོག་ཁོག་ནང་འདྲེན་ཁྱབ་གདལ་རྣམ་གྲངས་ལག་ལེན་བསྟར་བ་རེད།
“ཞིང་པར་ཤོད་པ་ལས། ཞིང་པས་མིག་མཐོང་ལག་ཟིན་ཐུབ་པ་ཡག ཞིང་པར་ལྟ་རུ་འཇུག་པ་ལས། ཞིང་པའི་སྣེ་ཁྲིད་དེ་ཞོག་ཁོག་བཏབ་ན་ཡག”པ་ཡོད་པས། 2014ལོའི་ཟླ་4པར་རྣམ་གྲངས་དེ་དངོས་སུ་ལག་ལེན་བསྟར་ནས་ཁེ་ཧྲན་རྫོང་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ནས་ཞོག་སོན་སྤུས་ལེགས་སྣ་ཁ་26ནང་འདྲེན་བྱས་ཏེ་སྨོན་ཤང་བཞེང་པ་གྲོང་ཚོ་དང་ཁང་གཞུང་ཤང་མཐར་ར་གྲོང་ཚོ་སོགས་སུ་ཚོད་འདེབས་བྱས།
ཚོད་འདེབས་ཞིབ་ཚགས་བྱས་པ་བརྒྱུད། རྣམ་གྲངས་དེར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རགས་རྩིས་ལྟར་ན་ཞོག་ཁོག་ཚོད་འདེབས་བྱེད་མཁན་ཞིང་དུད་ཀྱི་མུའུ་རེའི་ཐོན་ཚད་རྒྱ་མ་2000འཕར་བའི་ནང་ཞོག་ཁོག“ཁེ་ཤིན་19”ཡི་མུའུ་རེའི་ཐོན་ཚད་མཐོ་ཤོས་རྒྱ་མ་8022ཟིན་ནས་ལྗོངས་ཡོངས་སུ་སྐད་གྲགས་ཆོད།
རྣམ་གྲངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཁུལ་དེའི་ཞིང་པ་ཚོས་ཞོག་ཁོག་འདེབས་པའི་སྤྲོ་བ་རབ་ཏུ་འཕེལ་བས། རྫོང་ཡོངས་སུ་ཞོག་ཁོག་འདེབས་ཁྱོན་ཆེས་ཆེར་ཕྱིན་པ་རེད། ལོ་37ལ་སོན་པའི་བསེ་མ་གྲོང་ཚོའི་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་འདི་ལོ་ཞོག་སོན་གསར་པ་བཏབ་ཅིང་། ཁོང་གིས“དེ་སྔ་ང་ཚོའི་མུའུ་རེའི་ཞོག་ཁོག་ཐོན་ཚད་རྒྱ་མ་3000ལྷག་ཙམ་ལས་ཟིན་གྱི་མེད། ཞོག་སོན་གསར་པའི་མུའུ་རེའི་ཐོན་ཚད་རྒྱ་མ་7000དང་8000ཟིན་པ་མཐོང་བས། ཚོད་འདེབས་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད་བྱུང་།
མིག་སྔར་རིན་སྤུངས་རྫོང་གི་ཚོད་ལྟ་དཔེ་སྟོན་ལྟེ་བའི་ཁུལ་དུ་ཞོག་ཁོག་སྤུས་ལེགས་མུའུ་10.6བཏབ་པ་དང་། ཞོག་ཁོག་རྫོང་ཡོངས་ཀྱི་ཤང་གྲོང་9རུ་ཁྱབ་གདལ་བཏང་བར་འདེབས་ཁྱོན་བསྡོམས་འབོར་མུའུ་3000ཟིན་ཡོད།
རྣམ་གྲངས་དེ་ལག་ལེན་བསྟར་བ་དང་བསྟུན་ནས། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་རིན་སྤུངས་རྫོང་གིས་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲི་2200ནས་རྒྱ་མ་ཁྲི་3000བར་འཕར་བ་དང་། ཞོག་ཁོག་ཆ་སྙོམས་མུའུ་རེའི་ཐོན་ཚད་ཏུན་3ལས་བརྒལ་ནས། དེ་སྔོན་ལས་ལྡབ་འཕར་བ། ཞོག་ཁོག་འཚོང་ཚད་50%ཡན་ཟིན་པ། མུའུ་རེའི་ཞོག་ཁོག་ཐོན་ཚད་ལས་ཞིང་པར་ཡོང་འབབ་སྒོར་1000ཡན་ཟིན་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།