དབུ་ཤོག>གསར་འགྱུར།
  • ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-12

    “བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་གཙོ་གནད་ཐོག་འཛུགས་སྐྱོང་ཡག་པོ་བྱས་ནས་ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་་བཅས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་གལ་ཆེན་དང་བླང་བྱ་གསར་པ་བཏོན་ཏེ་ཏང་འཛུགས་སྐྱོང་ཐད་ཀྱི་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོར་གཏོང་ཐད་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་བྱས་ཡོད།

    རང་རེའི་ཏང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་རྒྱུར་འགོ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པ་བཟོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པས་བོད་ཀྱི་ཡར་རྒྱས་གོང་འཕེལ་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་ཡོད། བོད་དུ་དུས་ཐུང་ལོ་ངོ་བཅུ་གྲངས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་རླབས་ཆེན་གྱི་ལག་ལེན་ཐོག་ནས་འདས་མ་འོངས་ད་ལྟ་གང་གི་དུས་སུའང་ཏང་གི་འགོ་ཁྲིད་འདི་ཉིད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཡིན་པ་གང་ལེགས་མངོན་ཡོད།

    དེ་རིང་བོད་ཀྱི་ལས་དོན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ནས་བོད་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཆེད་ང་ཚོར་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་སློང་གསར་པ་བཅས་མི་ཉུང་བ་ཞིག་འཕྲད་ཡོད། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར“ཆེས་གཞི་རྩ་ནི་ཏང་གི་འགོ་ཁྲིད་ཞུམ་མེད་སྟོབས་ལྡན་ཡོད་མེད”དེ་རེད། ཏང་གི་འགོ་ཁྲིད་དང་ཁ་བྲལ་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་རྩ་འཛུགས་དང་ཁ་བྲལ་ཚེ་ང་ཚོ་བྱ་དཀའ་བྱེད་གཏད་དུ་འགྱུར་རྒྱུ་རེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་གཙོ་གནད་འཛུགས་སྐྱོང་ཡག་པོ་བྱས་ནས་ཏང་གི་གསར་གཏོད་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་དེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་རྒྱུར་དམིགས་སའི་རང་བཞིན་དང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

    ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་། འཕེལ་རྒྱས་ལ་སྐུལ་གཏོང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བོད་ཀྱི་ལས་འགན་ཧ་ཅང་ལྗིད་རྫོབ་ཆེ་བས་ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་གནས་བབ་ཨང་དང་པོར་འཇོག་པ་དང་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་ཡོན་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དུ་བརྩིས་ནས་ཡིན་མིན་ཆེན་པོའི་ལངས་ཕྱོགས་གསལ་པོ་ཤེས་པ་དང་ལྷག་པར་དུ་རིག་པ་དྭངས་གསལ་གྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སྲུང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་ཟོལ་མེད་སེམས་པ་བརྟན་པ་དང་། བོད་འདི་ཉིད་རྒྱལ་ས་པེ་ཅིང་དང་ཐག་རིང་པོ་ཡོད་རུང་རང་སྐྱོང་ལྗོངས་ཏང་ཨུད་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ་དངོས་འབྲེལ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།

    དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་ཆུད་ཟོས་སུ་གཏོང་མི་རུང་། ཀྲུང་དབྱང་གིས་ཆེད་མངགས་བོད་ཀྱི་ལས་བྱེད་པར་དམིགས་བསལ་གྱི་གླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་ཀྱི་ཕན་བདེའི་ཐོབ་ཆའི་སྲིད་ཇུས་བཟོས་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་ལས་བཟོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་ཏན་ཏན་ཏིག་ཏིག་དང་། འབད་འཐབ་ཧུར་ལེན། དཀའ་སྤྱད་སྙིང་རུས། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཐོག་ནས་རང་འཁྲིའི་ལས་གནས་ཐོག་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། ལས་བྱེད་པའི་ཚད་གཞི་དང་། “ནན་གསུམ་དྲང་གསུམ”དང“བཞི་ལྡན”བླང་བྱ་མཐའ་འཁྱོངས་ཡག་པོ་བྱས་ཏེ་ཕྱོགས་ཁག་ཚང་མ་ཕུལ་བྱུང་ཡིན་པའི་ལས་བྱེད་པ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཧུར་ཐག་དང་བློ་རྒྱ་ཆེར་སྐྱེད་ངང་བེད་སྤྱོད་བཏང་ནས་ཁོང་ཚོར་ངར་ཤུགས་འཕེལ་བའི་ལྕག་སྐུལ་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཐད་རྒྱབ་སྐྱོར་བྱེད་དགོས། ཕུལ་བྱུང་གི་ཤེས་ལྡན་པ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་སྙིང་སྟོབས་སྦྱོང་བརྡར་དང་འཇོན་ཐང་ཆེར་གཏོང་བྱེད་པར་མངགས་ནས་གོ་གནས་དང་འགན་རིམ་མཐོར་གཏོང་དང་། སྡོད་གནས། ཕོགས་སྣོན་སོགས་སྲིད་ཇུས་ཐད་གཞི་རིམ་གྱི་འཐབ་ས་དང་པོའི་ཕུལ་བྱུང་ལས་བྱེད་པར་གཟིགས་སྐྱོང་བྱས་ཏེ་ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ཡག་པོ་བྱས་ནས་རང་ལྗོངས་འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་བརྟན་པོ་འདིང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།