བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དགའ་དབྱི་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“འདི་ལོ་དེ་སྔ་ལས་ཐན་པ་ཆེ་བ་ཡོད་མོད། འོན་ཀྱང་སྟོན་ཏོག་ཐོན་འབོར་ཆག་པའི་སེམས་ཁྲལ་མི་འདུག མ་ནག་ཆུ་མཛོད་ནས་ཐད་ཀར་ཞིང་ཆུ་འདྲེན་ཆོག”ཅེས་བཤད།
གཞིས་རྩེར“བོད་ཀྱི་འབྲུ་མཛོད”ཅེས་བརྗོད་ཀྱི་ཡོད། སྟོན་འགོའི་ཉི་འོད་ནས་ཞིང་དང་པད་ཁའི་ཞིང་ནང་དུ་འཕྲོ་བ་དང་དྭངས་གཙང་གི་ཆུ་བོ་ཞིང་འགྲམ་གྱི་གཏིང་ཚད་སྨི་1ཡོད་པའི་ཆུ་ཡུར་ནང་རྒྱུག་བཞིན་ཡོད། ས་གནས་དེ་གའི་མ་ནག་ཆུ་མཛོད་ཀྱི་ལེ་ལག་ལས་གྲྭ་ཡིན་པའི་མ་ནག་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་རྒྱལ་རྩེ་རྫོང་དང་། པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་སོགས་ཀྱི་སྲིད་འཛིན་གྲོང་ཚོ་147ལ་ཁྱབ་པ་དང་ཆུ་ཡུར་གྱི་རིང་ཚད་སྤྱི་ལེ་245དང་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་46.9ཟིན་ཡོད་པ་རེད།
ལོ་67ལ་སླེབས་པའི་དབང་འདུས་ཀྱིས“རང་ཁྱིམ་ལ་ས་ཞིང་མུའུ་19ཡོད་པ་དང་ད་ཆ་མུའུ་15ལ་ཆུ་ཡུར་འཁྲིད་ཟིན་ཡོད། ན་ནིང་འབྲུ་རིགས་མུའུ་རེའི་ཐོན་འབོར་ལོ་གོང་མ་ལས་ཆ་སྙོམས་རྒྱ་མ་70འཕར་ནས་ལོ་50ཡི་གོང་ལས་ཧ་ཅང་གི་མཐོ་བ་ཡོད”ཅེས་བཤད།
བོད་ཀྱི་དམིགས་བསལ་གྱི་ས་དབྱིབས་དང་གནམ་གཤིས་ཀྱི་ཆ་རྐྱེན་སོགས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཚོད་འཛིན་ཆེན་པོ་བཟོས་ཡོད། ཆུའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་མེད་པ་དང་ལོ་ལྟར་ཟླ་6ནས་9བར་ཆར་ཆུ་མང་ཙམ་བབས་ཀྱི་ཡོད་པ་དང་ཆར་བ་བབས་ཚད་ལོ་འཁོར་མོའི་ཆར་པ་བབས་ཚད་ཀྱི་80%བཟུང་གི་ཡོད། ས་ཁོངས་60%ཐན་པ་དང་ཕྱེད་ཐན་པའི་གནས་སུ་གྱར་ནས་དུས་ཚིགས་རང་བཞིན་དང་། ས་ཁོངས་རང་བཞིན། ལས་གྲྭའི་རང་བཞིན་བཅས་ཀྱི་ཆུ་མི་འདང་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།
གསར་འགོད་པས་ཉེ་ཆར་གཞིས་རྩེ་དང་། ལྷ་ས། ལྷོ་ཁ་སོགས་སུ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་བོད་ཀྱི་ཆུ་བེད་རྣམ་གྲངས་ཆེ་གྲས་དང་ཆུ་ཡུར་བཟོ་བའི་ཐད་ལོ་རེ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད་ཉེ་བའི་ལོ་ཤས་ནང་བོད་ཀྱི་ཞིང་ཆུ་འདྲེན་ཁུལ་གྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་ལ་ཞིང་ཆུ་འདྲེན་ཐུབ་པ་བྱུང་སྟེ་ཞིང་ཆུ་འདྲེན་པའི“མཐའ་མའི་འགག་གནད”ལས་སྤྱིར་ན་སྒྲོལ་ཐུབ་པ་བྱུང་ཡོད། ཞིང་ནང་ཆུ་བེད་འཛུགས་སྐྲུན་གྱིས་འབྲུ་རིགས་བསྟུད་མར་ལོ་ལེགས་དང་འབྲོག་ལས་ཐོན་སྐྱེད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཀུང་ཐུང་ལེའང་གིས“ཉེ་བའི་ལོ་ཤས་ནང་བོད་དུ་མ་ནག་དང་། མལ་སྟག ཡར་ཀླུང་བཅས་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་གསུམ་སྐྲུན་ཟིན་པ་མ་ཟད་མུའུ་ཁྲི་76ཡན་གྱི་ཞིང་ཆུ་འདྲེན་ཁུལ་ཡང་སྐྲུན་ཟིན་ནས་གཅིག་སྡུད་ཡུག་འབྲེལ་གྱི་རྨོ་ཞིང་དུ་ཞིང་ཆུ་འདྲེན་པའི་ཐད་སྤྱོད་པའི་ཆུ་འགན་ལེན་མ་ལག་རགས་ཙམ་ཆགས་ཡོད། ཁ་ཐོར་དང་ཐག་རིང་རྫོང་གི་ཞིང་ཆུ་འདྲེན་པའི་གནད་དོན་ཐད་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྫོང་དང་ཆེད་གཉེར་རྣམ་གྲངས་རྫོང་གཏན་འཁེལ་བྱས་པ་བརྒྱུད་ཞིང་ཆུ་འདྲེན་པའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་345བར་མང་དུ་ཕྱིན་ཡོད”ཅེས་བཤད།
བོད་ལྗོངས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་རྒྱུད་རོང་གྲོང་ཚོའི་གྲོང་མི་སྤེན་པ་ན་ནིང་ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཆུ་ཧབ་ཐོབ་བརྒྱབ་པར་སྐྱོད་དགོས་ཀྱི་མེད། ཁོང་གིས་དགའ་ཚོར་ཆེན་པོའི་སྒོ་ནས“ལོ་ཁ་ཤས་སྔོན་ཆུ་ཡུར་ཚང་མ་མི་སེར་སོ་སོས་འདྲུ་གི་ཡོད་པས་ཆུ་རྒྱུག་ཤུགས་ཆུང་བ་དང་གྲོང་པ་ཁྱིམ་མཚེས་དབར་སྐབས་རེ་ཆུ་འདྲེན་པའི་ཐད་རྩོད་གཞི་ཐོན་གྱི་ཡོད། ད་ཆ་སྲིད་གཞུང་གིས་ཨར་འདམ་ཆུ་ཡུར་བཟོས་པས་ཆུ་དུས་ཐོག་ཏུ་གཏོང་ཐུབ་པ་མ་ཟད་ད་དུང་ཆུ་མང་པོ་གསོག་ཐུབ་ཀྱི་ཡོད་སྟབས་ག་དུས་ཆུ་གཏོང་འདོད་རུང་གཏོང་ཆོག་ཆོག་ཡིན”ཞེས་བཤད།
བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཝུན་ཧན་གྱིས“ཉེ་བའི་ལོ་ཤས་ནང་ཀྲུང་དབྱང་དང་ཆུ་བེད་པུས་བོད་ཀྱི་ཞིང་ནང་ཆུ་བེད་འཛུགས་སྐྲུན་ཐད་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཀྲུང་དབྱང་གིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཐད་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་ཞིང་ཆུ་འདྲེན་རྒྱུ་དེ་བོད་ཀྱི་ཆུ་བེད་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ལ་གྱུར་ཡོད”ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར། 2020ལོར་སླེབས་སྐབས་བོད་ཀྱིས་ཞིང་ནང་གི་ནུས་ལྡན་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་120མང་དུ་དང་ལེགས་སུ་བཏང་སྟེ་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་ཁུལ་དུ་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱེད་པ་དང་ཆུ་མཁོ་འདོན་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5མང་དུ་གཏོང་རྩིས་ཡོད་པ་རེད།