སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་གནང་ཡོད། བོད་དང་དེ་བཞིན་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གཙོ་གཉེར་སྡེ་ཚན་ཁག་དང་ལས་ཞུགས་མི་སྣ་ཚོར་ལྕག་སྐུལ་ཟབ་མོ་ཐེབས་ནས་གཅིག་རྗེས་གཉིས་མཐུད་ངང“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེས་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་བརྟན་སྲུང་བྱས་ནས་དགུང་སྔོ་ལ་ཆུ་དྭངས་མོ་སྲུང་སྐྱོང་བྱེད་དགོས”ཞེས་བཤད་པ་རེད།
སྣོད་བཅུད་སྲུང་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བསྔགས་བརྗོད་ཐོབ་པ།
གྲངས་གཞི་ལས“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་བོད་ཀྱི་བྱེ་བཅོས་གཞི་ཁྱོན་སྤྱི་ལེ་ངོས་གྲུ་1800ཟིན་པ་མཚོན་ཡོད་པ་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཕྱིར་བོད་ཀྱིས་སྤྱིའི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་གཞི་ཁྱོན་གྱི་33.9%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་དང་། ནགས་ཚལ་ཁྱབ་ཚད་11.91%ཟིན་པ་དང་ལྗོན་ཤིང་གསོག་འཇོག་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ། འདམ་རའི་གཞི་ཁྱོན་སྤྱི་ཆིང་ཁྲི་600ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད། རྒྱལ་ཁབ་ཀྱི་གནད་ཆེའི་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཁ་125དང་རྒྱལ་ཁབ་ཀྱི་གནད་ཆེའི་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་སྣ་ཁ་39ནི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་ཡག་པོ་བྱུང་ཡོད་པ་རེད།
2012ལོའི་ལོ་མཇུག་བར་བོད་དུ་རང་བྱུང་སྤང་སའི་གཞི་ཁྱོན་སྤྱི་ཆིང་ཁྲི་8155ཟིན་པ་དེའི་ནང་བེད་སྤྱོད་ཐུབ་པའི་རང་བྱུང་སྤང་སའི་གཞི་ཁྱོན་སྤྱི་ཆིང་ཁྲི་6910ཟིན་ཡོད། མིག་སྔར་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ས་ཁོངས་མང་ཆེ་བ་གདོད་མའི་གནས་སུ་གནས་ཡོད་པ་རེད།
2014ལོར་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ནི་Ⅰརིམ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་བ་དང་། སྤྱི་ཕན་ཤིང་ནགས་ཀྱི་སྣོད་བཅུད་ཕན་འབྲས་ཁ་གསབ་དང་རྩྭ་ཐང་སྣོད་བཅུད་ཁ་གསབ་དངུལ་སྒོར་དུང་ཕྱུར་2.3སྤྲད་ཡོད། རྟ་དཀར་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད། “ཀྲུང་དབྱང་དང་ས་གནས་ཀྱིས་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་པས་མི་རྣམས་དགའ་འོས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད”ཅེས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་ཧོང་ཀྲེན་ཧུང་གིས་བཤད།
སྣོད་བཅུད་སྲུང་སྐྱོང་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དགུང་སྔོ་ལ་ཆུ་དྭངས་མོ་སྲུང་སྐྱོང་བྱེད་པ།
བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྣོད་བཅུད་སྲུང་སྐྱོང་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་གི་སྦགས་བཙོག་འབྱུང་ཁུངས་དང་ས་ཆ་བྱེ་རྒོད་དུ་འགྱུར་བར་ཚོད་འཛིན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤང་ས་དང་། འདམ་ར། རང་བྱུང་ཤིང་ནགས་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
དེར་དམིགས་ཏེ་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཤིག་ཡིན་པའི་བོད་ཀྱི་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅི་རྣམ་འཕེལ་གྱིས“མཚོ་གཉིས་རྫོང་གི་ས་ཁམས་ཁོར་ཡུག་དམིགས་བསལ་ཡིན་པར་བརྟེན་ངེས་པར་དུ‘སྣོད་བཅུད་ལ་བརྟེན་ནས་རྫོང་འཛུགས་པའི’འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཕྱོགས་ཤིག་གི་དགུང་སྔོ་ལ་ཆུ་དྭངས་མོ་ལྟ་སྲུང་ཡག་པོ་བྱེད་དགོས”ཞེས་བཤད་པ་རེད།
སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་རུ་ཡོད་པའི་མཛོད་དགེ་འདམ་རའི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་16000ཙམ་ཡོད་པས་གཙང་ཆུར་ཆུ་དཀོན་པའི་དུས་སུ་རྨ་ཆུའི་ཆུ་སྟོད་ལ་ཆུ་40%ཙམ་མཁོ་འདོན་བྱེད་ཀྱི་ཡོད་པས་འབྲི་ཆུ་དང་རྨ་ཆུའི་ཆུ་སྟོད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་རེད། མཛོད་དགེ་འདམ་ར་དེ་2013ལོར《སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ནང་བཅུག་པ་དང་། རང་རྒྱལ་གྱིས་2013ལོ་ནས་2020ལོའི་བར་མ་འཇོག་སྒོར་དུང་ཕྱུར་4བྱས་ནས་མཛོད་དགེ་འདམ་རའི་བྱེ་འགྱུར་ཅན་གྱི་གནས་ཚུལ་བཅོས་སྐྱོང་བྱ་རྒྱུ་ཡིན་པ་རེད།
སྣོད་བཅུད་བདེ་འཇགས་ཀྱི་མཚམས་ཐིག་བརྟན་སྲུང་བྱས་ནས་ཕྱོགས་ཁག་གི་སེམས་ཤུགས་འཕེལ་བ་བྱེད་པ།
མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཞིང་། 2005ལོར་རྒྱལ་ཁབ་ཀྱིས་མ་འཇོག་སྒོར་དུང་ཕྱུར་75བྱས་ནས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ལག་ལེན་བསྟར་འགོ་ཚུགས་ཏེ་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ལ་འཕྲལ་སྡོམ་རྣམ་པའི་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། 2014ལོར《མཚོ་སྔོན་ཞིང་ཆེན་གྱི་གཙོ་གཟུགས་ནུས་ཁུལ་གྱི་འཆར་འགོད》ཁྱབ་སྤེལ་བྱས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་དབྱེ་འབྱེད་བྱས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆའི་གཞི་ཁྱོན་གྱི་བཅུ་ཆ་དགུ་ཙམ་ནི་གསར་སྤེལ་ཚོད་འཛིན་ཁུལ་དང་གསར་སྤེལ་བཀག་སྡོམ་ཁུལ་གྱི་གྲས་སུ་ཚུད་ཡོད་པ་རེད།
1978ལོ་ནས་བཟུང་བོད་ཀྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱེད་འགོ་ཚུགས། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་གི་འཆར་འགོད》ལག་བསྟར་བྱ་རྒྱུའི་ཆོག་མཆན་གནང་ནས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་དེ་རྒྱལ་ཁབ་ཀྱི་གནད་ཆེའི་སྣོད་བཅུད་འདུ་འགོད་ཀྱི་གྲས་སུ་བཅུག་པ་དེར་སྤྱིའི་མ་འཇོག་སྒོར་ཕྱུར་155བྱ་རྒྱུ་ཡིན་པ་དང་། མིག་སྔར་སྒོར་དུང་ཕྱུར་57དོན་འཁྱོལ་བྱུང་བ་རེད། བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་མཚམས་ཐིག་དང་། དམར་ཐིག མཐོ་གནོན་ཐིག་བཅས་སུ་བརྩིས་ཏེ་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ལ་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱས་ནས་བྱ་ཐབས་ནན་པོས་དགུང་སྔོ་ལ་ཆུ་དྭངས་མོ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།
“ལྷ་སའི་གློ་བ”ཞེས་བརྗོད་ཚུལ་ཡོད་པའི་བོད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་ར་དེ་འཛམ་གླིང་ཐོག་ཧ་ཅང་དཀོན་པ་དང་རྒྱལ་ནང་དུ་ཆེ་ཤོས་ཡིན་པའི་གྲོང་ཁྱེར་གྱི་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཀྱང་རེད། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་བློ་བཟང་གིས་2010ལོ་ནས་བཟུང་བོད་ཀྱིས《ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》ལ་གྲོས་འཆམ་བྱས་པས་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་། དོ་དམ། ཁྲིམས་འཛིན་སོགས་ཀྱི་ལས་དོན་སྒྲུབ་པར་བཅའ་ཁྲིམས་ཀྱི་ཐོག་ནས་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།