དབུ་ཤོག>གསར་འགྱུར།
  • གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ཆབ་མདོ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-11

    འདི་ལོ་ལོ་66ལ་སླེབས་པའི་རྡོ་ལགས་སེམས་རྩ་འཁོལ་པོ་ཞིག་ཡོད་པ་དང་། ཁོང་གིས་དེ་སྔའི་པར་རྙིང་པ་འདོན་བཞིན་དུ་རང་ཉིད་ཀྱི་དེ་སྔའི་ལས་ཀའི་བརྒྱུད་རིམ་ལྷུག་པོར་གླེང་བྱུང་བ་དང་། རང་ཉིད་ཀྱིས་ཞིབ་ཚགས་ཉར་བའི་གཟི་བརྗིད་མཚན་སྙན་ལག་ཁྱེར་གྲངས་ཀ་རྒྱག་བཞིན་ལག་ཁྱེར་ཐོབ་རིམ་བཞིན་གྱི་བརྒྱུད་རིམ་བརྩི་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

    1949ལོར་རྡོ་ལགས་གཞིས་རྩེའི་ཞིང་བྲན་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོ་ཚོའི་ཁྱིམ་གྱིས་མངའ་བདག་གི་ས་ཞིང་བོགས་མར་བླངས་ནས་འཚོ་ཐབས་བྱེད་པ་དང་། ཁྲལ་འུ་ལག་རྒྱུགས་རྗེས་འབྲུ་རིགས་ཕྲན་ཙམ་ལས་མི་ལྷག་པས་ནང་མི་ཡོངས་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པའི་ཁར་ཆེས་གཞི་རྩའི་མི་ལུས་རང་དབང་ཡང་མེད་ལ་སློབ་གྲྭ་འགྲིམ་རྒྱུ་ནི་དེ་བས་གླེང་ཐབས་བྲལ།

    1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པས་ཆུང་བྱིས་པའི་དུས་ནས་སློབ་གྲྭར་བསྐྱོད་རྒྱུར་དགའ་བའི་རྡོ་ལགས་ཀྱི་བསམ་འདུན་གྲུབ་ནས་སློབ་ཆུང་འགྲིམ་རྒྱུ་བྱུང་བ་དང་སློབ་གསོ་ཐོབ་པའི་བརྒྱུད་རིམ་དེ་རྡོ་ལགས་ཀྱི་མི་ཚེའི་ནང་གི་རྩ་ཆེའི་རྒྱུ་ནོར་ཅིག་ཏུ་གྱུར་བ་རེད།

    1965ལོར་རྡོ་ལགས་གཅིག་གྱུར་ལས་མི་བསྡུ་བའི་ནང་ཞུགས་པ་བརྒྱུད་རྫོང་གི་འཕྲིན་སྐྱེལ་བ་ཞིག་བྱས་ནས་འགོ་ཁྲིད་དང་མཉམ་དུ་ས་གནས་ཁག་གི“སློབ་གསོ་ཆེ་མོ་གསུམ”གྱི་བྱེད་སྒོར་ཞུགས་པས་རྡོ་ལགས་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་ལ་གསར་བརྗེའི་ལས་དོན་ལ་ངོས་འཛིན་གསར་པ་ཐུབ་ཡོད་པ་རེད།

    1967ལོའི་ཟླ་5པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གིས་རླངས་འཁོར་ཁ་ལོ་བ་300ལྷག་ཙམ་བསྡུས་པ་དང་སྐབས་དེ་དུས་བོད་རིགས་ཁ་ལོ་བ་ཉུང་ཤས་ལས་མེད་པ་རེད།

    སློབ་གསོ་དང་ལེན་བྱེད་མྱོང་ལ་གསར་བརྗེའི་ལས་དོན་ནང་ཞུགས་མྱོང་བའི་རྡོ་ལགས་ལ་དེའི་ཐད་ལེགས་ཆ་ཆེན་པོ་ལྡན་པས་ལོ་གཅིག་གསོ་སྦྱོང་བྱས་པ་བརྒྱུད་ཁོང་ཆབ་མདོ་སྐྱེལ་འདྲེན་ཀུང་སིའི་གཟི་བརྗིད་ལྡན་པའི་ཁ་ལོ་བ་ཞིག་ཏུ་གྱུར་པ་རེད།

    དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ནང་རྡོ་ལགས་ཀྱིས“བཅིངས་འགྲོལ་ཆེ་མོའི”རླངས་འཁོར་བཏང་ནས་གཙོ་བོ་ཁྲེང་ཏུའུ་ནས་ཆབ་མདོ་བར་དང་ཆབ་མདོ་ནས་ལྷ་ས་བར་གྱི་ཁྲོན་བོད་གཞུང་ལམ་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་གྱི་ཡོད་པ་རེད།

    རྡོ་ལགས་ལ་བག་ཆགས་ཟབ་ཤོས་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ལ་ཆེན་པོ་གསུམ་སྟེ། ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་སྟག་མ་ལ་དང་། སྔས་ལ། ཁྲོ་ལ་བཅས་ཡིན་པ་དང་ལ་ཆེན་པོ་གསུམ་པོ་དེ་ནི་ཁ་ལོ་བ་ཚང་མས་ཞེད་སྣང་ཆེན་པོ་བྱེད་པའི་ཁུལ་ཞིག་ཡིན་པ་རེད། སྟག་མ་ལ་རི་མཐོ་ལ་གཡང་གཟར་བ་དང་དབྱར་དུས་སུ་དྲག་ཆར་བབས་རྗེས་ལམ་བུ་འདམ་རྫབ་ཀྱིས་ཁེངས་པས་འཁོར་ལོ་འདྲེད་བརྡར་ཤོར་གྱི་ཡོད་སྟབས་འདྲེད་འགོག་སྒྲོག་བཏགས་ན་མ་གཏོགས་སྐྱོད་ཐུབ་ཀྱི་མེད་པ་རེད། ཁྲོ་ལ་ས་བབ་མཐོ་ལ་ཁ་བ་འབབ་མང་བ་དང་ཟླ་4པའི་ནང་ལ་སྟེང་དུ་ད་དུང་ཁ་བ་ཆེན་པོ་བབས་པས་རྟག་ཏུ་གཞུང་ལམ་འགག་པ་དང་རླངས་འཁོར་ཁ་བས་སྣུབས་པའི་གུ་དོག་པའི་གཞུང་ལམ་ཐོག་འཁོར་ལོ་གཟུར་ཐབས་མེད་སྟབས་ལ་སྟེང་དུ་ལམ་ངོས་ཆ་རྐྱེན་ལེགས་སུ་མ་ཕྱིན་བར་སྒུག་དགོས་པ་དང་སྐབས་འགར་ཉིན་མཚན་གསུམ་ཙམ་སྒུག་དགོས་ཀྱི་ཡོད་པ་རེད།

    བོད་དུ་དབོར་བའི་དངོས་ཟོག་དུས་ཐོག་དང་བདེ་འཇགས་ལྡན་པའི་ངང་སྐྱེལ་ཕྱིར་རྡོ་ལགས་ཀྱིས་བདེ་འཇགས་སྐྱེལ་འདྲེན་གྱི་ཐབས་ལམ་མང་དག་འཚོལ་ཞིབ་བྱས་ཡོད་པ་རེད། སྔས་ལ་ས་བབ་མཐོ་པོ་མེད་རུང་སྐྱོད་དཀའ་བ་ཞིག་ཡོད་པས་དེ་ཁུལ་གྱི་རི་མཐོ་གྲོག་རོང་ནང་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་ཤོས་ནི་ཡར་འགྲོ་མར་འགྲོ་བྱེད་མཁན་རླང་འཁོར་མང་པོ་ཡོད་པ་ལས་བྱུང་བ་ཡིན་པས་རྡོ་ལགས་ཀྱིས་སྐྱེལ་འདྲེན་ངལ་གསོའི་དུས་ཚོད་བསྒྱུར་ནས་ཉིན་མོ་ངལ་གསོ་རྒྱག་པ་དང་མཚན་མོ་རླངས་འཁོར་གཏོང་གི་ཡོད་པ་རེད། མཚན་མོ་རླངས་འཁོར་ཉུང་བས་སེམས་པ་རྩེ་གཅིག་ཏུ་གནས་ཀྱི་ཡོད་པ་རེད། མཚན་མོ་ལམ་གསལ་པོ་མི་མཐོང་ཡང་ལོ་མང་རླངས་འཁོར་གཏོང་བའི་ཉམས་མྱོང་ལ་བརྟེན་ནས་རྟག་ཏུ་དངོས་ཟོག་རྣམས་བདེ་འཇགས་ལྡན་པའི་ངང་དམིགས་སར་སྐྱེལ་གྱི་ཡོད་པ་རེད། ཁོང་ཁ་ལོ་བའི་ལས་ལ་ཞུགས་ནས་ལོ་10ལྷག་ཙམ་སོང་ཚུན་ལས་འཛོལ་ཚབས་ཆེན་ཐེངས་གཅིག་ཀྱང་ཐོན་མྱོང་མེད་ལ་ཟིན་ཐོ་མང་དག་བཏོད་ཡོད་པ་རེད།

    རྡོ་ལགས་ཀྱིས་དེ་སྔ་ཆབ་མདོ་ནས་ཁྲེང་ཏུའུ་བར་སྐྱོད་སྐབས་ཁྲོན་བོད་གཞུང་ལམ་ཐོག་ཉིན་ལྔ་དྲུག་འགོར་བ་དང་ད་ཆ་ཉིན་གཉིས་ལས་འགོར་གྱི་མེད། དེ་སྔ་ཆབ་མདོ་ནས་ལྷ་སའི་བར་ཉིན་བཞི་ལྔ་འགོར་ བ་དང་ད་ཆ་ཉིན་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད། དེ་སྔ་དང་བསྡུར་ཚེ་ད་ཆའི་གཞུང་ལམ་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ནས་ཚང་མ་སྣུམ་ནག་གཞུང་ལམ་ཡིན་པའི་ཁར་ལམ་ངོས་རྒྱ་ཆེ་བས་འཁོར་ལོ་གདོང་ཐུག་སོགས་ཀྱི་གནས་ཚུལ་སྤྱིར་ན་ལྷག་གི་མེད། ལ་སྟེང་མང་པོ་ཞིག་ཏུ་ཕུག་ལམ་འབིགས་ཡོད་པས་དེ་སྔའི་སྐྱོད་དཀའ་བའི་འཕྲང་ལམ་དེ་ད་ཆ་བདེ་ལམ་ཞིག་ཏུ་གྱུར་ཡོད་ཅེས་བཤད་བྱུང་།

    ལས་ཀའི་འཇོན་ཐང་ཆེ་བ་དང་གྲུབ་འབྲས་མངོན་གསལ་དོད་པས་རྡོ་ལགས་ལ་འགོ་ཁྲིད་ཀྱི་མཐོང་ཆེན་ཐོབ་ནས་སྐྱེལ་འདྲེན་ཀུང་སིའི་ཡན་ལག་རུ་ཁག་གི་རུ་དཔོན་གཞོན་པ་དང་། རུ་ཆེན་གྱི་རུ་དཔོན་གཞོན་པ། རུ་དཔོན་རྒན་པ། ཆབ་མདོ་སྐྱེལ་འདྲེན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ། ཆབ་མདོ་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སོགས་སུ་བསྐོས་ཡོད་པ་རེད། ཆབ་མདོ་སྤྱི་ཁྱབ་བཟོ་ཚོགས་དོན་གཅོད་ཁྲུའི་ཀྲུའུ་རེན་གྱི་འགན་ཁུར་རྗེས་རྡོ་ལགས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་ངང་བཟོ་ཚོགས་ཀྱི་ལས་དོན་སྤེལ་འགོ་ཚུགས་པ་དང་ཁོང་གིས་ཐབས་ཤེས་ཡོད་རྒུས་མ་དངུལ་སྒོར་ཁྲི་1100གྲབས་གསོག་བྱས་ནས“ལས་བཟོའི་ཁྱིམ་ཚང”དང“ལས་བཟོའི་བྱེད་སྒོ་ལྟེ་གནས”སོགས་རྣམ་གྲངས་ཆེ་གྲས་གཉིས་བསྐྲུན་པས་ཆབ་མདོའི་ལས་བཟོར་ལོ་རྒྱུས་ཐོག་རང་གི་བྱེད་སྒོ་སྤེལ་ཡུལ་ཐེངས་དང་པོ་བྱུང་ཡོད་པ་རེད།

    རྡོ་ལགས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཅིངས་འགྲོལ་མ་བཏང་གོང་གི་ཆབ་མདོ་ནི་བཙོག་བཙོག་ཁ་ཁྲོམ་ར་ལྟེ་བར་བྱས་པའི་གྲོང་རྡལ་ཆུང་ངུ་ཞིག་ཡིན་པ་དེར་དུད་ཚང་500དང་མི་གྲངས་2000ལས་མེད་ཁར་སྐྲུན་དངོས་ཚང་མ་ས་ཕག་ཁང་པ་ཡིན་པས་ཧ་ཅང་གོག་ཧྲུལ་ཞིག་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་སླེབས་སྐབས་ཆབ་མདོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དེ་ནི་གཙོ་བོ“ཕྱོགས་གསུམ་འཛུགས་སྐྲུན”ལས་ཕན་པ་ཐོབ་པ་ཞིག་ཡིན་པ་དང་དེ་ཁུལ་དུ་ལག་རྩལ་ལས་བྱེད་པ་དང་བཟོ་པའི་དཔུང་ཁག་གཅིག་སྡུད་བྱས་ནས་ཆུ་ཤུགས་གློག་ཁང་དང་། ཨར་འདམ་བཟོ་གྲྭ བྱི་རིལ་བཟོ་གྲྭ རྫས་ལུད་བཟོ་གྲྭ་སོགས་བཟོ་གྲྭ་དང་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པས་གྲོང་ཁྱེར་གྱི་ལྟེ་བའང་གསར་དུ་སྐྲུན་པའི་སོ་ཕག་དང་ཤིང་ལས་གྲུབ་པའི་ཐོག་བརྩེགས་ཁང་ཆེན་དུ་གྱུར་ཡོད་པ་རེད།

    ཉེ་ལམ་ལོ་ཤས་རིང་ཆབ་མདོ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་གསུམ་གྱི་ཆུ་ཤུགས་གློག་ཁང་ཆེ་འབྲིང་གསར་སྤེལ་འཛུགས་སྐྲུན་བྱེད་བཞིན་མཆིས་པ་དང་ཉི་ནུས་དང་རླུང་ནུས་སོགས་མི་སེར་དཀྱུས་མའི་འཚོ་བའི་ནང་སྤྱོད་འགོ་ཚུགས་པའི་ཁར་ཞིང་འབྲོག་ཁུལ་མང་ཆེ་བར་གློག་ཤར་གཏོང་ཐུབ་པ་དང་། སློབ་གསོའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ། སྨན་བཅོས་ཆ་རྐྱེན་ལེགས་སུ་བཅས་ཕྱིན་ཡོད་པ་རེད།

    “ད་ཆ་ས་ཞིང་འདེབས་པར་ཁ་གསབ་རོགས་དངུལ་ཡོད་པ་དང་། སྔོ་ཚལ་འདེབས་པར་ཁ་གསབ་རོགས་དངུལ་ཡོད་པ། ཞིང་འཕྲུལ་ཡོ་ཆས་ཉོ་བར་ཁ་གསབ་རོགས་དངུལ་ཡོད་པ། རྫས་ལུད་ཉོ་བར་ཁ་གསབ་རོགས་དངུལ་ཡོད་པ། ཕྱུགས་ཚང་བསྐྲུན་པར་ཁ་གསབ་རོགས་དངུལ་ཡོད་པ། ནོར་ལུག་གསོ་བར་ཁ་གསབ་རོགས་དངུལ་ཡོད”ཅེས་རྡོ་ལགས་ཀྱིས་ལོ་ངོ་60ཡི་རིང་ཆབ་མདོར་ལག་ལེན་བསྟར་བའི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་བགྲང་བཞིན་ངོ་སྤྲོད་བྱས་བྱུང་། ཁོང་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ལོ་གསུམ་བསྟུད་མར་གོ་འཇོ་དང་། རི་བོ་ཆེ་སོགས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་བརྟག་ཞིབ་སྙན་ཞུ་བྲིས་ཏེ་ཏང་གི་སྲིད་ཇུས་བཟང་པོ་དོན་འཁྱོལ་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ལ་དངོས་ཕན་ཐོབ་པ་བྱས་ཐོག་ཆབ་མདོའི་འཛུགས་སྐྲུན་གྱི་བྱ་གཞག་ཆེད་རང་གི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།