དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཚེ་རིང་རྒན་རྒོན་མི་གྲངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་ཐོག་ནས་ས་མཐོའི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-10

    ཟླ་བ་དགུ་པར་བོད་དུ་ཉི་འོད་ལྷག་པར་འཚེར། ད་ལོ་ལོ་103ལ་སླེབས་པའི་སྤེན་པ་སྒྲོལ་མ་སྒོ་རའི་ནང་གི་ཧྲ་ཧྥ་ཡི་ཐོག་བསྡད་ནས་ལག་ཏུ་ཕྲེང་བ་སྐོར་བཞིན་འདུག་ལ། ཁོང་གི་མགོ་སྐྲ་དཀར་པོའི་ཐོག་ཉི་འོད་ཕོག་པ་ན་དཀར་མདངས་ངང་གིས་འཕྲོ།

    མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོའི་སྤེན་པ་སྒྲོལ་མ་ནི་བོད་ཀྱི་ལོ་བརྒྱ་ལ་སླེབས་པའི་རྒན་རྒོན་མང་པོའི་གྲས་ཤིག་ཡིན། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་གྲངས་གཞི་གསར་ཤོས་ཀྱི་ཐོག་ནས་མངོན་པར། མིག་སྔར་བོད་དུ་ལོ་བརྒྱ་ལ་སླེབས་པའི་རྒན་རྒོན་94ཟིན་པ་དེ་ནི་རྒྱལ་ཡོངས་སུ་མི་ཁྲི་བརྒྱ་རེའི་ནང་ལོ་བརྒྱ་ཟིན་པའི་རྒན་རྒོན་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འཚོ་བའི་ཆུ་ཚད་མཐོ་རུ་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་མི་རེའི་རེ་སྨོན་ཚེ་ལོ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཚེ་རིང་རྒན་རྒོན་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པས། སྤེན་པ་སྒྲོལ་མ་དང་འདྲ་བར་རྒན་རྒོན་སྔར་བས་མང་པའི་ཚེ་རིང་གི་བསམ་འདུན་འགྲུབ་ཡོད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་བོད་དུ་ལོ་60ལ་སླེབས་པའི་རྒན་རྒོན་253998ཟིན་པ་དེའི་ནང་ལོ་80ཡན་གྱི་རྒན་རྒོན་27866ཟིན་པ་དེ་དག་གིས་ལྗོངས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་8.14%ཟིན་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་རྒན་རྒོན་ཅན་དུ་མགྱོགས་སུ་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧའེ་ཡིས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱིས་བོད་ཀྱི་མི་བདེ་ཐང་དང་ཚེ་རིང་པོ་ཡོང་ཆེད་བློས་འཁེལ་བའི་འགན་སྲུང་མཁོ་འདོན་བྱས་པ་དང་། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་50གོང་གི་ལོ་35.5ནས་ད་ཆའི་ལོ་68.2བར་ཚེ་རིང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

    བསྡོམས་རྩིས་ལྟར་ན། ཉེ་བའི་ལོ་5ཡི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་40ལྷག་ཙམ་བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག དེ་བཞིན་སྨན་རྩིས་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ“གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པའི”དམིགས་ཚད་མངོན་འགྱུར་བྱས་ཡོད།

    དེ་དང་ཆབས་ཅིག་རྒྱལ་ཡོངས་སུ་བོད་ལྗོངས་འདི་ཉིད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་རྦད་དེ་ཁྱབ་པ་སྔོན་ལ་མངོན་འགྱུར་ཡང་བྱུང་བ་དང་། ན་དུས་སྨན་བཅོས་ཐུབ་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་ཚད་100%ལ་ཉེ་བ་ཟིན་ཡོད། ལོ་11རིང་རྒྱུན་མཐུད་ལེགས་སྒྲིག་བྱས་པ་བརྒྱུད། བོད་ཀྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་ཟླ་རེར་མི་རེའི་ཆ་སྙོམས་ཆུ་ཚད་སྒོར་3338ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་66གིས་མཐོ་བ་ཡོད།

    རྒན་རྒོན་རྣམས་ཀྱིས་བདེ་ཐང་དང་སྤྲོ་སྣང་ངང་འཚོ་བ་སྐྱེལ་ཆེད་བོད་ཀྱིས་ད་ཕན་ལོ་ཤས་ནང་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རྒན་གསོའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་སྔ་རྗེས་སུ་རྒན་རྒོན་བྱེད་སྒོའི་ལྟེ་གནས་28དང་། ཤང་དང་གྲོང་རྡལ་གྱི་རྒན་བཀུར་ཁང་174 ས་ཁུལ་དང་རྫོང་གི་རྒན་རྒོན་བདག་སྐྱོང་ཁང་17སོགས་བསྐྲུན་ནས་རྒན་རྒོན་ཚོགས་སྤྱིའི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་ཐུབ་པར་བྱས་ཡོད།

    གཞན་ཡང་ལྗོངས་ཡོངས་ཀྱི་ཧྲིལ་ལོ་80ཡན་གྱི་རྒན་རྒོན་ལ་ལོ་ཚད་མི་འདྲ་བར་གཞིགས་ནས་མི་རེར་ལོ་རེར་སྒོར་300དང་། སྒོར་500 སྒོར་800བཅས་རིམ་པ་མི་འདྲ་བའི“མི་ཚེ་རིང”གི་བདེ་ཐང་ཁ་གསབ་དངུལ་སྤྲོད་ཀྱི་ཡོད། ཧྲིལ་ལོ་60ཡན་གྱི་རྒན་རྒོན་ལ“བོད་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར”སྤྱད་དེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་འགྲོ་སྐྱོད་དང་། སྨན་བཅོས། ཡུལ་སྐོར་བཅས་ཀྱི་གཟིགས་སྐྱོང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།