དབུ་ཤོག>གསར་འགྱུར།
  • འགྲོ་ལམ་གྱི་གདེང་ཚོད་བརྟན་དུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-08

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་ཞིང་། ང་ཚོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བོད་ཀྱི་འཕེལ་རྒྱས་ཆེད་སེམས་ནུས་དང་རྔུལ་ཆུ་འདོན་མཁན་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

    བོད་འདི་ཉིད་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་ངོ་མཚར་ཆེ་བའི་ས་གཞི་ཞིག་ཡིན་པ་དང་དེ་ནི་ས་རྒྱ་ཆེ་ལ་མེས་རྒྱལ་གྱི་འཐབ་ཇུས་སྲུང་ཡོལ་ཧ་ཅང་གལ་ཆེན་ཞིག་རེད། འདི་གའི་མི་རྣམས་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ་དང་དཀའ་ཚེགས་ཆེ་བའི་རང་བྱུང་ཆ་རྐྱེན་འོག་ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་གསར་གཏོད་བྱས་ཡོད། ལོ་50ཡི་གོང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་མི་དམངས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་ཕྱེ་ནས་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་སྟབས་སྤོས་ཡོད། ལོ་50ཡི་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འབད་འཐབ་འོག་མི་རིཌ་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་ཧ་ཅང་བཟང་པོ་སྲ་བརྟན་དུ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་གོང་བསམ་མི་ཕོད་པའི་ཡར་ཐོན་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་བཅས་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་བོད་སྐྱོང་ཇུས་ཆེན་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་བོད་སྐྱོང་བྱེད་ཐབས་འཐུས་ཚང་བཟོས་པས་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད། 2014ལོར་བོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་900ལས་བརྒལ་ནས་སྡོད་ཁང་དང་། ལས་ཞུགས། སློབ་གསོ། འཐུང་ཆུ་གཙང་མ། སྨན་བཅོས་འགན་ལེན། ཆ་འཕྲིན་ཞབས་ཞུ་སོགས་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པ་རེད།

    “དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད” དངོས་པོའི་ཤེས་དཔལ་ཡར་རྒྱས་འགྲོ་བ་དང་སྦྲགས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱུང་བ་དང་ཆོས་དད་རང་མོས་ལ་ཡོངས་ཁྱབ་ངང་བརྩི་འཇོག་ཐོབ་ཐོག་སྣོད་བཅུད་ཁོར་ཡུག་བཟང་པོ་སྲུང་སྐྱོབ་ནུས་ལྡན་བྱུང་ཡོད། འཇིག་རྟེན་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་གྲུབ་འབྲས་དེ་དག་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་དང་། བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ་དང་མི་རིགས་ཁག་གི་ལས་བྱེད་པས“གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པར”འབད་བརྩོན་ཆེན་པོས་ལེགས་སྐྱེས་ཕུལ་བའི་འབྲས་བུ། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད། ལོ་50ཡི་རིང་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་གསལ་བཤད་ཐུབ་པ་དང་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་ལམ་ཡང་དག་དེ་རེད། མཐར་གཏུགས་ནས་བཤད་ན། ཏང་གི་འགོ་ཁྲིད་འོག་མེས་རྒྱལ་གྱི་པང་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ་གཞི་ནས་བོད་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་གཞི་ནས་ཡུན་རིང་བདེ་འཁོད་ཡོང་ཐུབ།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས། “འབྱོར་འབྲིང་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ཉུང་མི་རུང་བ་དང་གཅིག་ཀྱང་རྗེས་སུ་ལུས་མི་རུང”ཞེས་པ་དེ་ཏང་ཀྲུང་དབྱང་གི་ཆོད་སེམས་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཐུན་མོང་གི་འདོད་འདུན་རེད། དེང་སྐབས་བོད་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་པས། 2020ལོར་སླེབས་སྐབས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་ཇི་ལྟར་བྱེད་དམ། ཇི་ལྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་སམ། ལས་འགན་ནི་ལྗིད་རྫོབ་ཆེ་ལ་དཀའ་ཚེགས་ཆེ་མོད། འོན་ཀྱང་ང་ཚོས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཚེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་བཅས་བྱེད་ཐུབ་ངེས་རེད།

    རིང་མིན་གོང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བྱས་ཏེ་མི་རིགས་ཁག་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཐོག་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས། སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་བཅས་གཙོ་གནད་དུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་། དམངས་འཚོ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཅས་གཏོང་དགོས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་དུ་གོ་སྐབས་དམ་པོར་བཟུང་སྟེ་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་ཧུར་ཐག་བྱས་ཐོག“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་དཀའ་སྤྱད་འབད་འཐབ་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་དང་ལས་དོན་ཏན་ཏིག་སྤེལ་བའི་ཐོག་ནས་ལས་ཀའི་གྲུབ་འབྲས་གསར་པ་གཏོད་དགོས།

    ལོ་50ཡི་དཀའ་ཚེགས་ཆེ་བའི་ལམ་བུའི་ཁྲོད་བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ཐོག་ནས་ང་ཚོས་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་ར་སྤྲོད་གང་ལེགས་ཐུབ་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ནི་དམངས་ཀྱི་བློ་ཁ་ཕྱོགས་ས་ཡིན་པ་གང་ལེགས་མཚོན་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་གཏན་འཁེལ་བྱས་པའི་འགྲོ་ལམ་ཐོག་མདུན་སྐྱོད་བྱས་ཏེ་བོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།