དབུ་ཤོག>གསར་འགྱུར།
  • དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གྱིས་འགོ་འཛུགས་ས་དང་དོན་ལ་བབས་སར་སྟངས་འཛིན་ནན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-07

    “དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས” “རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཕན་པ་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ནན་བཤད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་ཕན་པ་སྔར་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱས་ཁར། རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་གཏོང་དང་། སྒྱུར་འཕེལ་བརྟན་གསུམ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་ཕྱིར་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་སྲུང་བྱ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་ནི་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཀྲུང་དབྱང་གི་བླང་བྱ་ཡིན་ལ། རང་རེའི་ཏང་གིས་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་འདུ་ཤེས་ཀྱི་གཞི་རྩའི་མཚོན་ཚུལ་ཡང་ཡིན་པ་མ་ཟད། དེ་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་གི་རེ་སྒུག་དང་ཕུགས་འདུན་ཡང་ཡིན། བོད་འདི་ཉིད་མཐའ་མཚམས་མི་རིགས་ས་ཁུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བལྟོས་བཅས་ཀྱི་རྗེས་ལུས་ས་ཁུལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་བཅས་ཡིན་པས་དམངས་འཚོ་ལེགས་གཏོང་དེ་འཕེལ་རྒྱས་ཀྱི་དམིགས་ཚད་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འབྲེལ་བ་ཡོད་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་དང་ཡང་འབྲེལ་བ་ཡོད། དམངས་འཚོ་དམངས་སེམས་དང་འབྲེལ་བ་དང་དམངས་སེམས་ཀྱིས་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་རེད། ཕྱོགས་གཅིག་ནས་མི་སེར་གྱི་དམངས་འཚོའི་གནད་དོན་དངོས་འབྲེལ་ཐག་གཅོད་ཐུབ་ཚེ་གཞི་ནས་མི་སེར་གྱི་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཐོབ་སྲིད་ལ་གཞི་ནས་སྟོབས་ཆེའི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཀྱང་ཆགས་ཐུབ། གཅིག་ཤོས་ནས་དམངས་སེམས་གཅིག་ཏུ་འགྲིལ་བ་དང་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཚེ་གཞི་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ལ་དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ།

    མང་ཚོགས་ཀྱི་ཁེ་ཕན་ནི་བྱ་བ་ཆུང་ཙག་མིན། དམངས་འཚོའི་གནད་དོན་མཐའ་དག་ལས་ལྷག དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱེད་པར་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དབུལ་སྐྱོར་འགག་སྒྲོལ་དང་། སློབ་གསོ་གོང་འཕེལ། ལས་ཞུགས་ཆེར་གཏོང་། སྣོད་བཅུད་སྲུང་སྐྱོང་སོགས་དམངས་འཚོའི་གནད་དོན་མི་སེར་གྱི་བདེ་སྡུག་དང་འབྲེལ་བ་ཡོད་ལ། ཏང་སེམས་དང་དམངས་སེམས་དང་ཡང་འབྲེལ་ཡོད། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་སྲིད་སྐྱོང་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ནོར་ཤུགས་སྔར་བས་མང་བ་དམངས་འཚོ་ལེགས་གཏོང་ཐད་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྡུད་ངང་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི“དོན་དངོས་ཁག་བཅུ”ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་མང་ཚོགས་ཚོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ཚོར་བ་བྱེད་དགོས།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱེད་པར་དམངས་སེམས་དང་ཉེ་བཅར་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། མང་ཚོགས་ཀྱི་ལྟ་བ་གསལ་པོ་དང་། མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ། དངོས་སྒྲུབ་ཀྱི་ལས་ཀའི་བྱ་ཐབས་བཅས་ལ་བརྟེན་ནས་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་དུ་འབྲེལ་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་སྔར་བས་སྲུང་སྐྱོང་གིས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་བ་མཐའ་དག་གཙོ་གནད་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱོད་དགོས། སྲིད་ཇུས་དང་བྱ་ཐབས་མཐའ་དག་དམངས་འདོད་དང་འཚམ་པ་དང་དམངས་འཚོར་ཕན་འདོགས་རྒྱུར་དམིགས་ནས་བཟོ་བ་དང་དོན་འཁྱོལ་བྱེད་དགོས། སྲིད་དོན་དམངས་ལ་དྲི་བ་དང་། མཁོ་དགོས་དམངས་ལ་དྲི་བ། ཐབས་ཇུས་དམངས་ལ་དྲི་བ། ཇུས་འགོད་དམངས་ལ་དྲི་བ་བཅས་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཞུགས་ཚད་དང་ཕན་པ་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་སེམས་དང་སྟོབས་ཤུགས་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུའི་ཐད་གཅིག་ཏུ་བསྒྲིལ་དགོས།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ནི་ཡུན་རིང་གི་ལས་འགན་ཡིན་པས་འགག་རྩ་ནི་རྒྱུན་སྲིང་ལྷོད་མེད་དང་ཐོག་མའི་བསམ་ཚུལ་ནས་མི་འགྱུར་བ་བྱེད་དགོས་པ་ལས“རེས་འབད་རེས་སྒྱིད”བྱེད་མི་རུང་། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཡོངས་ཁྲོད་ཁྱབ་པ་བྱས་ནས་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ལེགས་པའི་སློབ་གསོ་དང་། སྔར་བས་བརྟན་པའི་ལས་ཀ སྔར་བས་བློ་ཡིད་ཚིམ་པའི་ཡོང་འབབ། སྔར་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། སྔར་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། སྔར་བས་བག་ཕེབས་ཀྱི་སྡོད་གནས་ཆ་རྐྱེན། སྔར་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཡོད་པ་བྱས་ནས་དམངས་འཚོ་ལེགས་གཏོང་ལ་བརྟེན་ནས་དམངས་སེམས་ཐོབ་པ་བྱེད་པ་དང་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཚེ་གཞོམ་གཞིག་མེད་ཅིང་། ཀུན་ལས་རྒྱལ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།