ཉི་མ་རྫོང་འོམ་བུ་ཤང་གི“དབེན་པའི་སྐྱེད་ཚལ”ཁྲོད་ཀྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་།
འདི་ནི་འོམ་བུ་ཤང་གི་བགྲེས་སོང་ཞིག་གིས་རྒན་གསོའི་རོགས་དངུལ་ལེན་བཞིན་པ།
ནག་ཆུ་ས་ཁུལ་གྱི་ས་བབ་མཐོ་བ་དང་། གནམ་གཤིས་གྲང་བ། གསོ་རླུང་མི་འདང་བ་བཅས་ཀྱིས་རྐྱེན་པས། རྒྱུན་དུ་ལྕང་མ་ཚོད་འདེབས་བྱེད་པའི་གནས་ཚུལ་ཐོས་རྒྱུ་ཡོད་ཀྱང་། བློ་ཕངས་པ་ཞིག་ལ་ལྕང་མ་གསོན་མྱོང་མེད། ས་ཆ་ཁ་ཤས་སུ་ཞོག་ཁོག་དང་། ནས། པད་ཚལ་སོགས་ཞིང་ལས་སྐྱེ་དངོས་འདེབས་ཐུབ་པ་ཕུད། གཞན་དུ་སྤྱིར་ན་འདེབས་འཛུགས་བྱེད་ཐབས་བྲལ། འོན་ཀྱང་རི་བོ་གཅིག་ལ་གཅིག་མཐུད་ཅིང་། མཚོ་དང་མཚོ་འབྲེལ་བའི་ཉི་མ་རྫོང་འོམ་བུ་ཤང་དུ་ནས་ཞིང་སྔོ་ཐིང་ངེར་སྐྱེས་ཡོད་པ་དང་། འོམ་བུ་ཤིང་རླུང་དང་བསྟུན་ནས་ཡམ་ཡོམ་དུ་གཡོ་བཞིན་འདུག ནག་ཆུའི་ཐང་སྟོང་དུ་བསྐྱོད་དྲགས་པའི་རྐྱེན་གྱིས། ང་ཚོའི་མིག་ལམ་དུ་མཛེས་ལྗོངས་འདི་ལྟ་བུ་མཐོང་སྐབས“དབེན་པའི་སྐྱེད་ཚལ”ཁྲོད་གནས་པ་ལྟར་གྱི་སྣང་བ་ཞིག་སྦྱིན་བྱུང་།
རི་བོ་མཐོ་ལ་ཆུ་མོ་ལང་ལོང་དུ་རྒྱུགས་པའི་མཛེས་ལྗོངས།
དབྱར་སྟོད་གྲང་སིལ་སིལ་གྱི་རླུང་བུ་ལྡང་བའི་དུས་དགུང་སྔོན་གུར་དུ་བྱེད་པ་དང་། ས་གཞི་ཆེན་པོ་གདན་ལ་བཏིང་བ། གངས་རི་དཀར་པོ་ཉེ་དུར་བརྩི་བ། རྟ་ནོར་ལུག་གསུམ་གྲོགས་ལྟར་གཤིབ་པ་བཅས་ཀྱི་འོམ་བུའི་ཡུལ་ལྗོངས་དེས་མི་རྣམས་ཀྱི་ཡིད་དབང་ཡོངས་སུ་ཕྲོགས།
དེ་གར་བོད་ཀྱི་གནས་རི་ཆེ་གྲས་བཞིའི་ཁྲོད་ཀྱི་མདའ་མགོ་གངས་རི་ཡོད། ཤོད་སྲོལ་ལ་མདའ་མགོ་གངས་རིའི་གནས་རི་དེ་བྱང་ཐང་དུ་དཔའ་ངར་ཆེ་ཤོས་ཀྱི་གནས་རི་ཞིག་ཡིན་པ་དང་། བོད་ཀྱི་ས་གནས་ཁག་གི་རི་བོ་ཆེན་པོའི་གནས་རི་དང་འགྲན་རྩོད་བྱེད་མྱོང་ཞིང་། དཔའ་ངར་ལྡན་ལ་འཐབ་མཁས་པ་ཞིག་ཡོད་ཅེས་གྲགས། ཤོད་སྲོལ་ལ་མདའ་མགོ་གངས་རིའི་གནས་རིས་གང་སར་ནས་ཀྱི་ས་བོན་བཙལ་བ་དང་འབྲེལ། འོམ་བུར་བཏབ་སྟེ་འབྲས་བུ་བཏགས་པས། འོམ་བུའི་རྒྱུད་དུ་གཞི་ནས་བོད་རིགས་ས་ཁུལ་དུ་སྐད་གྲགས་ཆེ་་ཤོས་ཀྱི་རྩམ་པ་ཐོན་པར་གྲགས།
དེ་གར་གནས་མཚོ་ཆེ་གྲས་གསུམ་གྱི་ཡ་གྱལ་དྭངས་རྭ་གཡུ་མཚོ་ཡོད། གྲགས་ཅན་རྩོམ་པ་པོ་མ་ལི་ཧྭ་ཡི《བྱང་ཐང་ཡུལ་སྐོར》ཞེས་པའི་ནང་། བོད་དུ་གནས་རི་དང་གནས་མཚོ་མང་པོ་ཡོད་ཀྱང་། གཡུ་མཚོའི་མིང་དོན་མཚུངས་པ་མ་ཕམ་གཡུ་མཚོ་དང་། ཡར་འབྲོག་གཡུ་མཚོ། དྭངས་རྭ་གཡུ་མཚོ་གསུམ་རེད་ཅེས་འཁོད་ཡོད།
དེ་གར་ད་དུང་ཞང་ཞུང་རིག་གནས་ཀྱི་དར་ཡུལ་ཡིན་པའི་ཁྱུང་རྫོང་ཡོད་པ་དང་། དེ་ནི་བོན་པོའི་གནས་མཆོག་ཡིན་པས། རིར་སྐོར་བ་གཅིག་བརྒྱབ་ན་བསོད་ནམས་ཆེན་པོ་འཕེལ་བར་གྲགས། ཁྱུང་རྫོང་ས་བབ་གཡང་གཟར་ཆེ་ལ་མཚོའི་འགྲམ་དུ་ཆགས་ཡོད་པས། ཁྱུང་རྫོང་གི་རི་སྟེང་དུ་ལང་སྐབས་དྭངས་རྭ་གཡུ་མཚོ་གཡང་ཊི་ལྟར་སྔོ་བ་དང་བསྡད་ན་དམན་ཤར་ལྟ་བུའི་ཞི་དུལ་ལྡན་པ་ཞིག་ཡོད་ཅིང་། དེའི་ཐོག་རྒྱང་རིང་གི་མདའ་མགོ་གངས་རིའི་གྲིབ་གཟུགས་ཕོག་པས། དེ་གཉིས་དངོས་འབྲེལ་མ་བསྒྲིགས་རང་འགྲིགས་ཀྱི་གཏན་གྲོགས་ལྟར། གཅིག་ནི་རྟ་དཀར་ཆིབས་པའི་རྒྱལ་སྲས་ལྟར་དང་གཅིག་ཤོས་ནི་མཛེས་སྡུག་ཡིད་དབང་འཕྲོག་པའི་སྲས་མོ་དང་གཉིས་སུ་མ་མཆིས།
མདའ་མགོ་དང་དྭངས་རྭ་ཞེས་པའི་ཐ་སྙད་གཉིས་པོའི་དོན་ངོ་མ་ནི་གནའ་བོའི་ཞང་ཞུང་གི་སྐད་ཡིན་ཞིང་། མདའ་མགོ་ཞེས་པའི་གོ་དོན་ནི་གངས་རི་དང་། དྭངས་རྭ་ཞེས་པའི་གོ་དོན་ནི་མཚོ་རེད། ང་ཚོས་བཅར་འདྲི་བྱེད་སྐབས་གནས་རི་དང་གནས་མཚོའི་གཏམ་རྒྱུད་དང་དེ་བཞིན་འོམ་བུའི་འབྲོག་ཁྱིམ་མང་དག་ཅིག་གིས་སྔར་བཞིན་ཉར་ཚགས་བྱས་པའི་ཞང་ཞུང་དུས་ཀྱི་གདོད་མའི་མཚོན་ཆོས་དང་ཡི་གེ་སོགས་ལས། མི་རྣམས་ལ་གནའ་བོའི་ཤེས་དཔལ་གྱི་གཟུགས་བརྙན་སྟོན་ཀྱི་ཡོད་ཅིང་། ཞང་ཞུང་དབུས་ཀྱི་ལྟེ་བ་ཡིན་པའི་ངོས་ནས། དེ་ག་ནས་ཞང་ཞུང་གི་ལོ་རྒྱུས་ཇི་མ་ཇི་བཞིན་ཚོར་ཐུབ་ཀྱི་ཡོད་ཅེས་འོམ་བུར་བརྟག་ཞིབ་བྱེད་མྱོང་བའི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་བྱུང་།
ཁྱིམ་གཞི་ལེགས་པར་བཅོས་ནས་མགྲོན་པོ་བསུ་བ།
ལོ་མང་རིང་འོམ་བུའི་ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱས་ཏེ། འོམ་བུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་ཆེད། ཉི་མ་རྫོང་དང་འོམ་བུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས།
“2012ལོར་ནག་ཆུ་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་25བཏང་ནས་འོམ་བུའི་ཡུལ་སྐོར་ཟ་ཁང་དང་རླངས་འཁོར་འཇོག་ར་བསྐྲུན་པ་དང་། ཉི་མ་རྫོང་ནོར་སྲིད་ཀྱིས་སྒོར་ཁྲི་21བཏང་ནས་འབྲོག་པའི་ཡུལ་སྐོར་སྣེ་ཤན་པ་གསོ་སྦྱོང་བྱས་ཏེ། འབྲོག་པས་ཁྱིམ་ཚང་མགྲོན་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས། 2013ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་841བཏང་སྟེ་ལོ་རྒྱུས་ཡུན་རིང་ལྡན་པའི་འོམ་བུ་ཤང་གི་བོན་པོའི་དགོན་སྡེ་ཞིག་གསོ་བྱས། 2014ལོར་འོམ་བུ་ཤང་ལྷོ་ཕྱོགས་གྲོང་ཚོ་ཨུ་ལྷན“ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཚོར”བདམས་ནས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོབ་རྣམ་གྲངས་ཁག་གསུམ་པའི་ནང་བཅུག་པས། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོའི་རྣམ་གྲངས་ཀྱི་ཚོད་ལྟའི་གྲོང་ཚོར་གྱུར་པ་དང་། གནའ་བོའི་ཞང་ཞུང་གི་ཁྱད་ཆོས་ལྡན་པའི་འོམ་བུའི་སྒོར་གཞས་དང་ལ་གཞས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དང་། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་། ནག་ཆུ་ས་ཁུལ་དཔལ་དགོན་རྫོང་བཅས་ནས་འོམ་བུ་ཤང་དུ་བསྐྱོད་པའི་ཡུལ་སྐོར་གཞུང་ལམ་གསུམ་པོ་ཚ་ཚ་འུར་འུར་ངང་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
ཡུལ་སྐོར་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། འོམ་བུ་ཤང་གོང་འོག་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་བློ་རིམ་གྱིས་གཅིག་གྱུར་བྱུང་བ་སྟེ། ཤང་ཡོངས་ཀྱི་འཕེལ་རྒྱས་དེ་ཉི་མ་རྫོང་དྭངས་རྭ་གཡུ་མཚོའི་ཡུལ་སྐོར་ཇུས་གཞིའི་ནང་འཇུག་པ་དང་། ཡུལ་སྐོར་ལ་དམ་པོར་དམིགས་ནས་ལས་དོན་སྤེལ་བ་དང་བོད་བྱང་ཐང་གི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཤང་ཡོངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་བཏང་ཐོག འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་རེད།
དེ་བས་འོམ་བུ་ཤང་ཏང་ཨུད་ཀྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་གསུམ་མཉམ་དུ་ཇུས་འགོད་དང་མཉམ་དུ་ལག་བསྟར་བྱས་ཤིང་། ཕྱོགས་གཅིག་ནས་གྲོང་ཚོའི་གཞུང་ལམ་དང་འབྲོག་པའི་བདེ་སྡོད་ཁང་། འཕྲིན་གཏོང་གློག་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་བ་དང་། ཅིག་ཤོས་ནས་མིག་སྔར་ཡོད་པའི་རིག་གནས་སྣ་ཚོགས་དང་ཡུལ་སྐོར་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པ་རེད། “འོམ་བུའི་མང་ཚོགས་ཁ་ཤས་ཀྱི་བདེ་སྡོད་ཁང་གསར་དུ་ད་དུང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ཁྱད་ལྡན་སྡོད་ཁང་སྟེ་རྡོ་ཁང་སྔར་བཞིན་རྒྱུན་འཛིན་བྱས་ཡོད་ཅིང་། དེར་ཅུང་མཐོ་བའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་ཞིང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ཁུངས་ཤིག་ཀྱང་རེད”ཅེས་འོམ་བུ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཡེ་ཤེས་ཆོས་སྒྲོན་གྱི་ངོ་སྤྲོད་བྱས།
འབྲོག་ཁྱིམ་དུ་ཡུལ་སྐོར་གྱི་ཡོང་འབབ་མང་བ།
“འདི་ནི་ང་ཚོའི་འབྲོག་ཁྱིམ་སྤྲོ་ཁང་གི་མིང་བྱང་ཡིན། ང་ཚོའི་འདིར་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ”ཞེས་འོམ་བུ་ཤང་ལྷོ་ཕྱོགས་གྲོང་ཚོའི་གཡུ་མཚོ་མགྲོན་ཁང་གི་སྦྱིན་བདག་ཕུར་རྣམ་གྱིས་ང་ཚོ་དང་འཕྲད་མ་ཐག་མིང་བྱང་གསར་པ་ཞིག་སྤྲད་བྱུང་།
ལྷོ་ཕྱོགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཕྱུག་འགྱུར་སྣེ་འཁྲིད་པ་ཕུར་རྣམ་གྱིས་2002ལོ་ནས་བཟུང་འབྲོག་ཁུལ་གྱི་ཚགས་ཤ་ལུག་ཤ་དང་པགས་པ་ཚོང་གཉེར་བྱས། ལྷ་ས་དང་ནག་ཆུ་སོགས་ཀྱི་ས་ཆར་འགྲོ་འོང་བྱེད་མང་བས་ཕུར་རྣམ་ལ་བསམ་བློ་གསར་པ་འཁོར། ཁོ་པས་དངུལ་བུན་ཁྲི་2གཡར་ནས་ཁང་པ་གསར་པ་བཞི་བརྒྱབ་སྟེ་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་ཚོང་རྒྱག་འགོ་ཚུགས་ནས། གྲོང་ཚོའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་མཁན་དང་པོར་གྱུར། 2006ལོར་ཁོ་པས་ཡང་བསྐྱར་དངུལ་བུན་སྒོར་ཁྲི་2གཡར་བའི་ཁར། བདེ་སྡོད་ཁང་པ་འཛུགས་སྐྲུན་གྱི་ཁ་གསབ་དངུལ་སྒོར་ཁྲི་1.2དང་། རང་གྲབས་བྱས་པའི་སྒོར་ཁྲི་4བཅས་ཀྱིས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སླར་ཡང་རྒྱས་སྐྲུན་བྱས། “ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་སོང་། 2014ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྱོན་300ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་7ཙམ་བྱུང”ཞེས་ཕུར་རྣམ་གྱིས་ངོ་སྤྲོད་བྱས།
དབྱར་དུས་ཕུར་རྣམ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སྤྱིའི་ཆ་ནས་ཁེངས་ཀྱི་ཡོད། ཡུལ་སྐོར་བ་ཁ་ཤས་ཡོང་ཐེངས་དང་པོ་ཡིན་པ་དང་མགྲོན་པོ་རྙིང་པ་ཡང་མི་ཉུང་བ་ཞིག་ཡོད། ཕུར་རྣམ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་ཞག་སྡོད་བྱེད་མྱོང་ཡོད་པའི་སི་ཕེན་གྱི་ཡུལ་སྐོར་བ་ཞིག་ས་མཐོ་མ་འཕྲོད་པར་བརྟེན། ཕུར་རྣམ་གྱིས་དཀའ་ངལ་ལ་མ་འཛེམ་པར་ཁོ་པར་ལྟ་སྐྱོང་ཞིབ་ཚགས་བྱས་པས་བག་ཆགས་ཟབ་མོ་བྱུང་། སི་ཕེན་བ་དེས་དྲིན་ལན་འཇལ་ཆེད་ལྷོ་ཕྱོགས་གྲོང་ཚོར་གད་སྙིགས་དབྱེ་སེལ་གྱི་སྒྲིག་ཆས་བཟོ་སྐྲུན་བྱས་པ་དང་། སི་ཕེན་དུ་ཕྱིར་ལོག་བྱས་རྗེས་རྒྱ་གྲམ་དམར་རྟགས་ཚོགས་པ་དང་འབྲེལ་བ་བྱས་ནས། ལྷོ་ཕྱོགས་གྲོང་ཚོར་སྒོར་ཁྲི་50ཙམ་གྱི་ཕྱུགས་རིགས་ཀྱི་རིམས་འགོག་སྨན་རྫས་ཉོས་པ་རེད། “ངོ་མ་བྱས་ན་ངའི་ཁྱིམ་དུ་ཡོང་མཁན་ཚོ་ནི་རང་གི་གཉེན་ཉེ་དང་མཚུངས་པས། ངས་དེ་ལྟར་བྱེད་པ་ནི་འོས་པ་ཞིག་རེད”ཅེས་ཕུར་རྣམ་གྱིས་བཤད།
འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གིས་ཡུལ་སྐོར་བ་ཚོར་སྣེ་ལེན་ཡག་པོ་ཞུ་ཆེད། ཕུར་རྣམ་གྱིས་རྟག་ཏུ་ཡུལ་སྐོར་བ་ཚོར་རིན་མེད་ཟ་མ་མཁོ་འདོན་བྱེད་ཀྱི་ཡོད་ལ། ད་དུང་ས་མཐོ་མ་འཕྲོད་པའི་ནད་འཇམ་དུ་གཏོང་ཐབས་ཁོ་པ་རང་ཉིད་ཀྱིས་སྦྱོང་གི་ཡོད། དེ་སྔོན་ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ལ་ས་མཐོ་མ་འཕྲོད་པས་འཕྲལ་དུ་སྨན་པ་བཙལ་མ་ཐུབ་པར་བརྟེན། ཕུར་རྣམ་གྱིས་ལམ་སེང“གནས་སྐབས་སྨན་པ”བྱས་ནས་སྐབས་བསྟུན་ཐག་གཅོད་བྱས་པ་བརྒྱུད། ཀོང་ཏུང་གི་ཡུལ་སྐོར་བའི་ས་མཐོ་མ་འཕྲོད་པའི་སྣང་ཚུལ་ཚོད་འཛིན་ནུས་ལྡན་བྱུང་བ་རེད། ཁོ་པ་ཀོང་ཏུང་དུ་ཕྱིར་ལོག་མ་ཐག་གཉེན་ཉེ་ཚོར་འབྲེལ་བ་བྱས་ནས་ལྷོ་ཕྱོགས་གྲོང་ཚོར་སྨན་རྫས་དང་གྱོན་ཆས་མི་ཉུང་བ་ཞིག་ཞལ་འདེབས་བརྒྱབ་པ་རེད།
ཕུར་རྣམ་གྱི་སྣེ་ཁྲིད་འོག་ལྷོ་ཕྱོགས་གྲོང་ཚོའི་འབྲོག་པ་ཚེ་རིང་ཕུན་ཚོགས་དང་ཉི་མ་སོགས་ཀྱིས་སྔ་རྗེས་སུ་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་ཤིང་། ད་ཆ་འོམ་བུ་ཤང་དུ་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དང་ཡུལ་སྐོར་བར་སྣེ་ལེན་ཞུ་མཁན་དུད་ཚང་50ལྷག་ཙམ་ཟིན་ནས། མི་300ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་སྟེ་འབབ་འཕར་ལ་སྣེ་ཁྲིད་བྱེད། 2014ལོར་འོམ་བུ་ཤང་དུ་ཡུལ་སྐོར་ཞབས་ཞུའི་ཡོང་འབབ་སྒོར་ཁྲི་201.81ཟིན་པ་དང་། འབྲོག་པའི་ཁྱིམ་ཚང་གི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་1551.06ཟིན་ཡོད། འབྲོག་པ་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་6110.36ཟིན་ནས། ཡུལ་སྐོར་ལས་རིགས་འོམ་བུ་ཤང་གི་དཔལ་འབྱོར་གྱི་འདེགས་སྐྱོར་ཐོན་ལས་གལ་ཆེན་དུ་གྱུར།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣