དབུ་ཤོག>གསར་འགྱུར།
  • གངས་རིན་པོ་ཆེའི་འདབས་ཀྱི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-06

    206768_yis_1441440982809.jpg

    བར་ག་ཤང་གི་གཡག་སྐྱེལ་འདྲེན་རུ་ཁག་གི་རུ་མིས་ཡུལ་སྐོར་བར་སྐྱེལ་འདྲེན་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།

    2005ལོའི་དབྱར་དུས་སུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་བཅར་འདྲི་ཚོགས་ཆུང་དང་བཅས་པས། ལམ་བར་དུ་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོའི་མཛེས་ལྗོངས་ལ་ལྟ་བཞིན་སྤུ་ཧྲེང་རྫོང་བར་ག་ཤང་དུ་འབྱོར་བ་དང་། ལོ་50ཡི་རིང་ས་གཞི་དེའི་འཕོ་འགྱུར་ཉན་བཞིན་ས་གནས་དེ་གའི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དཔང་པོ་བྱེད་པ་དང་། ཁོ་ཚོའི་ཉི་འོད་ལྟར་གྱི་འཛུམ་མདངས་བཀོད་པར་སྤྲོ།

    གྲོང་ཚོ་ཆུང་ཆུང་ཞིག་ནས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་བར།

    རྒྱལ་ལམ་219བརྒྱུད་སེང་གེ་ཁ་འབབ་གྲོང་རྡལ་ཕྱོགས་སུ་བསྐྱོད་པ་དང་། སྤུ་ཧྲེང་རྫོང་གི་མངའ་ཁོངས་སུ་འབྱོར་རྗེས། གངས་རིན་པོ་ཆེའི་མདུན་ཕྱོགས་སུ་སྡེ་ཚོགས་མཐུག་པ་དང་། དུ་བ་སྔོ་འཁྱིལ་ལེར་འཕྱུར་བའི་གྲོང་རྡལ་ཞིག་ཡོད་པ་དེ་ནི། བར་ག་ཤང་སྲིད་གཞུང་གནས་ཡུལ་གྱི་གངས་བསགས་གྲོང་ཚོ་རེད། གྲོང་ཚོ་དེའི་གཞི་ཁྱོན་དེ་ལྟ་བུ་མངའ་རིས་སུ་ཧ་ཅང་དཀོན། གངས་སྐོར་གྱི་འཛུལ་སྒོ་དེར་མཐོ་ཚད་སྨི་བཅུ་གྲངས་ཡོད་པའི་དར་ཆེན་ཞིག་ཡོད།

    བར་ག་ཤང་དུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་ཅིང་། གངས་བསགས་གྲོང་ཚོ་ནི་གངས་རིན་པོ་ཆེའི་འདབས་སུ་གནས་པ་དང་། གཞུང་པ་གྲོང་ཚོ་ནི་མ་ཕམ་གཡུ་མཚོའི་འགྲམ་དུ་ཆགས། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ཁུངས་ཡོད་པས། ཤང་དེ་གང་སར་སྐད་གྲགས་ཡོད་པའི་ཡུལ་སྐོར་དམིགས་སར་གྱུར། ཟ་ཁང་དང་མགྲོན་ཁང་སོགས་ཡོད་པ་དང་། དར་རྒྱས་འགྲོ་ཚད་ཀྱང་འབྲོག་ཁུལ་གྱི་ཤང་གྲོང་གཞན་དག་ལས་ལྷག་པ་ཡོད།

    འོན་ཀྱང་ལོ་50ཡི་གོང་དེ་གར་ཡུལ་ལྗོངས་ཙམ་ལས་གཞན་གང་ཡང་མེད།

    འདི་ལོ་ལོ་69ལ་སླེབས་པའི་བསོད་ནམས་རྒྱ་མཚོ་ནི་བར་ག་ཤང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པ་དང་། ཁོང་གི་དྲན་ཤེས་ནང་རང་སྐྱོང་ལྗོངས་ཐོག་མར་དབུ་བརྙེས་སྐབས་བར་ག་ཤང་དུ་མི་ཆིག་སྟོང་ཙམ་ལས་མེད་པ་དང་། འབྲོག་ཁུལ་མང་ཆེ་བ་དང་འདྲ་བར། ཚང་མ་རྩྭ་ཆུ་བཟང་སར་སྐྱ་སྤོའི་འཚོ་བ་སྐྱེལ་གྱི་ཡོད་པ་རེད།

    དུས་རབས་འཕོ་འགྱུར་དང་ཡུལ་སྐོར་དར་རྒྱས་ཕྱིན་པ་དང་ཆབས་ཅིག དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བར་ག་ཤང་དུ་གནས་མཇལ་དང་ཡུལ་སྐོར་དུ་ཡོང་མཁན་ལོ་རེ་བཞིན་མང་དུ་ཕྱིན་ཡོད། ས་གནས་དེ་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན་ནས་འགའ་ཞིག་གིས་ཚོང་རྒྱག་པ་དང་། ལ་ལས་འགྲུལ་ཁང་བཙུགས་སྟབས་སྡོད་ཁང་ཡང་ཇེ་མང་དུ་ཕྱིན་ཡོད། 2014ལོར་ཤང་ཡོངས་སུ་ཚོང་ཁང་དང་། འགྲུལ་ཁང་། ཟ་ཁང་། “འབྲོག་ཁྱིམ་སྤྲོ་སྐྱིད་ཁང”བཅས་380ཡོད། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་ཁྲིད་སྟོན་འོག གངས་བསགས་གྲོང་ཚོས་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་། གཞུང་པ་གྲོང་ཚོས་ཆུ་ཚན་དང་། སྣེ་ལེན་ཁང་བཙུགས་པ་མ་ཟད། ད་དུང་མང་ཚོགས་ཁག་གཅིག་གིས་རང་བརྟེན་ལས་གཏོད་ཀྱི་གདམ་ག་བྱས་ནས་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་བཞིན་མཆིས།

    2013ལོར་སྤུ་ཧྲེང་རྫོང་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་མཉམ་ལས་བྱས་ཏེ། གནས་རི་དང་བླ་མཚོའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་ཁར། གནས་རི་དང་བླ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚད་ལྡན་ཅན་དང་ཆེད་ལས་ཅན་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ལོ་གཉིས་ནང་བར་ག་ཤང་དུ་ཧི་མ་ལ་ཡ་གངས་རིན་པོ་ཆེ་ཨར་ཁང་ཆེ་མོ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་100བཏང་ནས་གནས་རིའི་གད་སྙིགས་སྦས་ས་བསྐྲུན་པ། མ་དངུལ་སྒོར་ཁྲི་335བཏང་ནས་དར་ཆེན་གྱི་ཡུལ་སྐོར་བ་རོགས་སྐྱོབ་ལྟེ་གནས་བསྐྲུན་པ། རྒྱལ་ལམ་219རྒྱུད་དུ“སྦྲ་གུར”སྒར་སའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་བཅས་བྱས་པས། བར་གའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྣེ་ལེན་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས།

    འུར་རྡོ་བསྐྱུར་ནས་ཡུལ་སྐོར་ལས་ལ་གཞོལ།

    ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག ཇི་ལྟར་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མང་ཚོགས་དེ་བས་མང་བ་ཞིག་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི། བར་ག་ཤང་གི་ད་ཆའི་འཕེལ་རྒྱས་ཀྱི་ཇུས་ཆེན་ཡིན་ཞིང་། དེའི་ཐད་གངས་བསགས་གྲོང་ཚོའི་གཡག་སྐྱེལ་འདྲེན་རུ་ཁག་ནི་དཔེ་མཚོན་ཡག་པོ་ཞིག་རེད།

    འདི་ལོ་ལོ་55ལ་སླེབས་པའི་ཉི་མ་ཡེ་ཤེས་རྡོ་རྗེ་ནི་གངས་བསགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། གཡག་སྐྱེལ་འདྲེན་རུ་ཁག་གི་ཁྲིམས་མི་ཡང་ཡིན།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། གངས་བསགས་གྲོང་ཚོའི་མང་ཚོགས་ཀྱིས་ཁ་འགྲེམས་ཡུལ་སྐོར་བར་དངོས་ཟོག་སྐྱེལ་འདྲེན་གྱི་ཞབས་འདེགས་ཞུ་འགོ་ཚུགས། 1996ལོར་སྐབས་དེ་དུས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བཞིན་པའི་ཉི་མ་ཡེ་ཤེས་རྡོ་རྗེའི་སྣེ་ཁྲིད་འོག་གྲོང་ཚོ་ཨུ་ལྷན་གྱིས་དངུལ་བུན་སྒོར་ཁྲི་88གཡར་ནས་གྲོང་ཚོ་མཉམ་སྡེབ་ཀྱི་གཡག་སྐྱེལ་འདྲེན་རུ་ཁག་འཛུགས་རྒྱུའི་ཐག་བཅད་ཡོད། དུས་ཐུང་ལོ་གསུམ་ནང་སྐྱེལ་འདྲེན་བྱས་པ་བརྒྱུད། དངུལ་བུན་གཙང་འཇལ་ཐུབ་ཡོད། 2005ལོར་སྐྱེལ་འདྲེན་རུ་ཁག་དེས་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་འདུན་ཞུ་བྱས་པས། ཚད་ལྡན་གྱི་རྩ་འཛུགས་སྒྲིག་གཞི་དང་སྒྲིག་སྲོལ་བྱུང་ཡོད། ད་ཆ་སྐྱེལ་འདྲེན་རུ་ཁག་ཏུ་གཡག་3203དང་། རྟ་500ཡོད་ལ། གངས་བསགས་གྲོང་ཚོའི་དུད་ཚང་289ཡི་མང་ཚོགས་998ཚང་མ་དེའི་ནང་ཞུགས་ཡོད།

    གཡག་སྐྱེལ་འདྲེན་རུ་ཁག་གི་ཡོང་འབབ་མང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་ཕྱུགས་བཀག་རྩྭ་གསོའི་སྲིད་ཇུས་ཁྱབ་གདལ་བཏང་བ་དང་ཆབས་ཅིག མང་ཚོགས་མི་ཉུང་བ་ཞིག་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་སྐྱེལ་མཇུག་འགྲིལ་ནས། ཚང་མ་ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་ཏེ། ཕྱུག་པོའི་ལམ་དུ་སྐྱོད་བཞིན་ཡོད། གཞུང་པ་གྲོང་ཚོས་མ་ཕམ་གཡུ་མཚོ་དང་སྐྱེ་བུ་ཆུ་ཚན་ལ་བརྟེན་ནས། གྲོང་ཚོའི་ནང་ཆུ་ཚན་རྒྱག་ས་དང་། སྣེ་ལེན་ཁང་བཙུགས་པས། ན་ནིང་ཡོང་འབབ་སྒོར་ཁྲི་71.5བྱུང་ཡོད།

    བར་ག་ཤང་གི་ཡུལ་ལྗོངས་ཧྲིལ་པོ།

    བར་ག་ཤང་གི་དམངས་ཕན་ཞབས་ཞུའི་ས་ཚིགས་སུ་སེམས་རྩ་འཁོལ་བའི་ལས་དོན་མི་སྣས་མང་ཚོགས་ལ་ལས་སྒོ་གཉེར་བཞིན་པ།

    ལོ་ལྔ་བཅུའི་རིང་མངའ་རིས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་ རྒྱུན་འཛིན་ཧ་ཅང་ཡག་པོ་བྱུང་ཞིང་། འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲས་ཏེ། སྤུ་ཧྲེང་གི་བུད་མེད་ཚོ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་འཁོར་ཆགས་དགོན་གྱི་ མདུན་དུ་དྲན་རྟེན་པར་རྒྱག་བཞིན་ཡོད་པ།

    བར་ག་ཤང་གངས་བསཊ་གྲོང་ཚོའི་གྲོང་མིས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།