དབུ་ཤོག>གསར་འགྱུར།
  • ཕལ་པའི་ཁྱིམ་ཚང་ཚེ་རིང་སྒྲོལ་མ་དང་པདྨ་རྡོ་རྗེའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-04

    གླེང་གཞི།

    མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སྦྲང་མདའ་གྲོང་ཚོར་ཁྱིམ་ཚང་འདི་འདྲ་ཞིག་ཡོད་པ་སྟེ། བོད་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ཕལ་པའི་ཁྱིམ་ཚང་ཞིག་དང་སྤྱི་ཚོགས་སྟེང་གི་དུད་ཚང་དཀྱུས་མ་ཞིག་རེད། འོན་ཏེ་ཕལ་པའི་ཁྱིམ་ཚང་དེ་ལྟ་བུའི་ནང་ཁོང་ཚོས་རང་ཉིད་ཀྱི་ལས་བརྩོན་དང་། བབ་ཆགས། ཁོག་ཡངས། སེམས་བཟང་། ཕན་ཚུན་གཅེས་བཀུར་བཅས་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པ་དང་བློ་བདེ་བག་ཕེབས་ཀྱི་སྒོ་ནས་འཚོ་བའི་དཔལ་ལ་རོལ་བཞིན་ཡོད།

    ཁྱིམ་ཚང་དེའི་ཁྱིམ་བདག་གི་མིང་ལ་ཚེ་རིང་སྒྲོལ་མ་ཟེར་བ་དང་། ཁོང་གིས་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་ཁྱིམ་ཚང་དང་བརྩེ་སེམས་ལེགས་པར་མངོན་པས་ཚང་མས་སློབ་སྦྱོང་བྱེད་པའི་མིག་དཔེ་བཟང་པོར་གྱུར་བ་དང་ཡུལ་མི་ཚོའི་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་ཐོབ་ཡོད། 2014ལོར་མལ་གྲོ་གུང་དཀར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང”དང་2015ལོར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང”ལ་བདམས་པ་དང་། 2015ལོར་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སྦྲང་མདའ་གྲོང་ཚོར་ཚེ་རིང་སྒྲོལ་མའི་སྐོར་གླེང་སྐབས་རྒྱུས་མངའ་ཡོད་མཁན་ཚོས་ཡིད་སྨོན་གྱི་མིག་མདའ་འཕངས་བར་བྱེད་དེ། ཁོང་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་པས་རེད།

    ད་ལོ་ལོ་33ལ་སླེབས་པའི་ཚེ་རིང་སྒྲོལ་མའི་ཁྱིམ་ལ་ཨ་མ་དང་། སློབ་ཆུང་ལ་འགྲོ་ཉེར་ཡོད་པའི་ཕྲུ་གུ་གཉིས། ད་དུང་མིང་སྲིང་གཉིས་བཅས་ནང་མི་བདུན་ཡོད། 2002ལོ་ནས་བཟུང་ཁོང་གིས་སྦྲང་མདའ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བུད་མེད་ཀྲུའུ་རེན་གྱི་འགན་འཁུར་བ་དང་། འདི་ལོ་ལོ་31ལ་སླེབས་པའི་པདྨ་རྡོ་རྗེ་ནི་ཁོང་གི་བཟའ་ཟླ་ཡིན་པ་དང་། ཉི་མ་ལྕང་ར་ཤང་དུ་སྐད་གྲགས་ཆོད་པའི་ཤིང་བཟོ་བ་རེད།

    གཉེན་སྒྲིག་བྱས་ནས་ལོ་མང་རིང་ཕན་ཚུན་བརྩེ་བ་ཆེ་བ་དང་། རྒན་རྒོན་ལ་བཀུར་བསྟི་ཆེ་བ། གཞན་ལ་སེམས་རྩ་འཁོལ་བ། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་ཡོད།

    2014ལོར་ཚེ་རིང་སྒྲོལ་མའི་ཁྱིམ་ཚང་མལ་གྲོ་གུང་དཀར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང”དང་2015ལོར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟང་པོ་ལྔ་ལྡན་གྱི་ཡ་རབས་ཁྱིམ་ཚང” 2015ལོར་བོད་རང་སྐྱོང་ལྗོངས་ཀྱིས“ཁྱིམ་ཚང་ཡག་ཤོས”བཅས་ལ་བདམས།

    ཁྱིམ་ཚང་འཆམ་མཐུན་།    བྱ་གཞག་ལམ་ལྷོངས་།

    རྒན་རྒོན་དང་། ཁྱོ་ཤུག བུ་ཕྲུག་བཅས་ནང་མི་འཆམ་མཐུན་དང་འཚོ་བ་བདེ་སྐྱིད་ལྡན་ཞིང་། ཕལ་པའི་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། ཁྱིམ་ཚང་འདི་ལྟ་བུའི་ནང་བུད་མེད་གཅིག་གིས་མཐུན་སྦྱོར་ཡག་པོ་བྱ་རྒྱུ་ནི་དཀའ་ངལ་ཆེ་བ་ཞིག་ཡིན་མོད། ཚེ་རིང་སྒྲོལ་མས་ཁྱིམ་ཚང་དེ་བཀོད་སྒྲིག་ལེགས་པར་བྱས།

    ཚེ་རིང་སྒྲོལ་མའི་ངོས་ནས་བརྗོད་ན། ཕ་སྔ་ས་ནས་གྲོངས་པ་དང་། ཨ་མ་དཀོན་མཆོག་སྒྲོལ་མ་གཅིག་པུས་ཁོང་ཚོ་ལེགས་པར་བསྐྱངས། ད་ཆ་ཕྲུ་གུ་རྣམས་ཆེན་པོ་ཆགས་ནས་བཀུར་བསྟི་ཆེ་བས་ཨ་མ་རྒན་མོ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་བཞིན་ཡོད།

    2006ལོར་ཚེ་རིང་སྒྲོལ་མ་དང་པདྨ་རྡོ་རྗེ་གཉེན་སྒྲིག་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་འགོ་ཚུགས།

    རྒན་མོ་དཀོན་མཆོག་སྒྲོལ་མས་མག་པ་པདྨ་རྡོ་རྗེའི་སྐོར་གླེང་སྐབས“པདྨ་རྡོ་རྗེས་ཚེ་རིང་སྒྲོལ་མར་གདོང་ནག་པོ་ཐེངས་གཅིག་ཀྱང་བསྟན་མྱོང་མེད་ལ། ཁ་རྩོད་དེ་བས་རྒྱག་མྱོང་མེད”ཅེས་ཤོད་ཀྱི་འདུག

    ཁྱིམ་དུ་ཁྱོ་ཤུག་གཉིས་པོ་མཛའ་ཞིང་བརྩེ་བ་དང་། ཁོམ་པ་ཡོད་ཚད་ལ་ཚེ་རིང་སྒྲོལ་མས་གྱོན་ཆས་འཁྲུ་བ་སོགས་ནང་ལས་བྱེད་པ་དང་བཟའ་ཟླས་ཁོ་མོ་ལས་བྲེལ་ཆེ་བར་བསམ་ཤེས་ཀྱིས་ཁྱིམ་ལས་ཙག་ཙིག་ཚང་མ་གནོང་འགྱོད་མེད་པར་བྱེད་ཀྱི་ཡོད།

    པད་མ་རྡོ་རྗེས་བོད་རིགས་ཀྱི་སྲོལ་རྒྱུན་ཤིང་བཟོའི་ལག་རྩལ་ཡག་པོ་ཤེས་པར་བརྟེན། གྲོང་མི་མང་པོས་ཁང་པ་རྒྱག་པ་དང་ཁྱིམ་ཆས་བཟོ་བར་ཁོང་དགོས་པ་དེས་པད་མ་རྡོ་རྗེའི་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། གྲོང་ཚོ་དེ་ག་དང་མཐའ་འཁོར་གྱི་གྲོང་མིར་ཁང་པ་རྒྱག་པ་དང་ཁྱིམ་ཆས་བཟོ་རྒྱུར་སྟབས་བདེ་ཡང་བྱུང་། དེ་ལྟར་ལོ་གཅིག་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་4ཟིན་ཏེ་ཁྱིམ་ཚང་གི་ཡོང་འབབ་ལྡབ་འཕར་བྱུང་ནས་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན། བཟའ་ཚོ་གཉིས་ཀྱིས་གོ་སྐབས་དམ་འཛིན་གྱིས་བདེ་སྡོད་རྣམ་གྲངས་ཀྱི་མ་དངུལ་དང་སྒོར་ཁྲི་6རང་གྲབས་བྱས་ཏེ་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་ཞིག་བརྒྱབ་ཅིང་། ད་ཆ་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    ལས་གཅེས་ལས་བཀུར་།  གཞན་ཕན་རོགས་རམ།

    ཁོང་གི་ཨ་མས་གསར་འགོད་པར“བུ་མོ་གྲོང་ཚོ་ཨུ་ལྷན་དུ་ལས་ཀ་མང་པོ་ཡོད་པར་བརྟེན། ལོ་ལྟར་དབྱར་རྩྭ་དགུན་འབུ་འཐུ་སྐབས་ཁོང་འགྲོ་མི་ཐུབ་ནའང་ང་ཚོ་ཁྱིམ་མི་ཚང་མས་ཁོང་གི་ལས་ཀའི་གལ་ཆེའི་རང་བཞིན་ལ་བསམ་ཤེས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། གྲོང་ཚོ་ཨུ་ལྷན་གྱི་ལས་ཀ་མང་པོ་ཞིག་གྲོང་ཚོ་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས་རང་ཉིད་ཀྱི་ཁེ་ཕན་ཕྲན་བུ་བློས་གཏོང་བྱེད་པར་ཅི་ཡོད”ཅེས་བཤད།

    ཚེ་རིང་སྒྲོལ་མ་2002ལོ་ནས་གྲོང་ཚོ་ཨུ་ལྷན་གྱི་བུད་མེད་ཀྲུའུ་རེན་གྱི་འགན་འཁུར་བ་ནས་བཟུང་ལས་ཀའི་ཁྲོད་རྟག་ཏུ་དཀའ་བ་སྤྱོད་ཕོད་པ་དང་ལེགས་སྐྱེས་འབུལ་དགའ་བར་བརྟེན་ལས་དོན་ཁག་ལ་གཟབ་ནན་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་ལྟ་སྟངས་འཛིན་གྱི་ཡོད། ཁོང་བུད་མེད་ཀྲུའུ་རེན་ཡིན་པས་དུས་ཚོད་མང་པོ་ཞིག་གྲོང་ཚོའི་ནང་གི་ལས་ཀར་བྲེལ་བཞིན་ཡོད་པ་དང་། ཁྱིམ་གྱི་ལས་ཀ་དང་ཚོང་གཉེར་ཐད་འཐུས་ཤོར་སོང་ནའང་ཁོང་གིས་འཁང་ར་ཅི་ཡང་མི་བྱེད་ལ། བཟའ་ཟླ་དང་ཨ་མས་ཀྱང་བསམ་ཤེས་བྱེད་ཀྱི་ཡོད།

    བཟའ་ཚོ་གཉིས་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་དེའང་མི་ཚང་མས་གསལ་པོ་ཤེས་པ་དང་། འོས་འགན་ངང་བྱ་གསོ་ཕག་གསོའི་ལག་རྩལ་ཁྲིད་པ་ནས་རང་འགུལ་ངང་གྲོང་པ་ཁྱིམ་མཚེས་ཀྱི་འཁྲུག་རྩོད་བར་འདུམ་བྱེད་པའི་བར་སྦྲང་མདའ་གྲོང་ཚོར་དཀའ་ངལ་ཡོད་སར་ཚེ་རིང་སྒྲོལ་མའི་གྲིབ་གཟུགས་མཐོང་རྒྱུ་ཡོད། གྲོང་མི་ཚོས་རྟག་ཏུ་ཁོང་འཚོལ་སྐབས་གྲོང་ཚོ་ཨུ་ལྷན་ཁང་གི་ལས་དོན་མ་ཡིན་ཡང་ཚེ་རིང་སྒྲོལ་མས་ནུས་ཤུགས་ཡོད་རྒུས་སྒྲུབ་རོགས་བྱེད་ཀྱི་ཡོད།

    “ཚེ་རིང་སྒྲོལ་མར་གཅེས་སེམས་དང་བསྙེན་བཀུར་གྱི་བསམ་པ་ལྡན་པ་མ་ཟད། ཁོང་ལ་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་སེམས་པ་ལྡན། ཁོང་གིས་རྒན་རྒོན་ལ་བསྲི་ཞུ་དང་བྱིས་པར་བྱམས་སྐྱོང་བྱེད་པ་མ་ཟད། གྲོང་མིར་དགའ་པོ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མོ་ཁྱོ་གའི་ལུས་ཐོག་ཏུ་ལྡན་དགོས་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་ལྡན་པ་ར་སྤྲོད་བྱས་ཡོད་སྟབས། ཁོང་གི་བྱས་རྗེས་ལས་མི་དེ་བས་མང་བ་ཞིག་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད”ཅེས་སྦྲང་མདའ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡན་ལུང་ཕེས་ཁོང་ལ་གདེང་འཇོག་དེ་ལྟར་བྱས།

    བཟའ་ཟླ་པད་མ་རྡོ་རྗེའི་རོགས་རམ་འོག ཚེ་རིང་སྒྲོལ་མས་ལས་བརྩོན་ཕྱུག་འགྱུར་ལམ་དུ་བསྐྱོད་ནས་གྲོང་ཚོའི་ནང་གི་བུད་མེད་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་སྐྱོད་པར་ཉི་མ་ལྕང་ར་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཟེངས་བསྟོད་ཐེངས་མང་ཐོབ། གྲོང་གསེབ་ཀྱི་བུད་མེད་ལས་བྱེད་པ་གཅིག་ཡིན་པའི་ཚེ་རིང་སྒྲོལ་མས་གལ་སྲིད་བཟའ་ཟླའི་རོགས་རམ་མེད་ན་གྲོང་ཚོའི་ནང་གི་བུད་མེད་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུའི་ལས་དོན་བདེ་བླག་སྒྲུབ་མི་སྲིད་པ་གསལ་པོ་ཤེས་ཀྱི་ཡོད།

    ཚན་སློབ་མཐོང་ཆེན་།   སློབ་སྦྱོང་དགའ་ཞེན་།

    ཚེ་རིང་སྒྲོལ་མ་གྲོང་ཚོ་ཨུ་ལྷན་གྱི་བུད་མེད་ཀྲུའུ་རེན་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རང་ངོས་ནས་འགོ་བཙུགས་ཏེ་ཏང་དང་སྲིད་གཞུང་གི་བུད་མེད་དང་བྱིས་པའི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་བུད་མེད་ཚོར་རང་བཀུར་དང་། རང་ཡིད་རང་ཆེས། རང་ཚུགས། རང་ཆེ་བཅས་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་འབྲེལ། ཏང་གི་ལྟེ་བའི་ལས་དོན་ལ་གཞིགས་ཏེ་བྱེད་སྒོ་སྤེལ་བ་དང་བུད་མེད་དང་བྱིས་པའི་བསམ་འཆར་དང་རེ་བ་རྒྱུན་དུ་ཤེས་རྟོགས་དང་བསྡུ་ལེན་བྱས་ནས་ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་ཡོད།

    གཞན་ཡང་ཕྲུ་གུར་སློབ་གསོ་གཏོང་རྒྱུའི་ཐད་ཚེ་རིང་སྒྲོལ་མ་བཟའ་ཚོས་རང་དཔེ་གཞན་སྟོན་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་བྱ་སྤྱོད་ཐོག་ནས་མིག་དཔེ་སྟོན་ཡོད།

    བཟའ་ཚོ་གཉིས་ཀྱི་ཤུགས་རྐྱེན་འོག སློབ་ལོ་ལོན་མེད་པའི་བུ་མོ་ཆུང་ཆུང་གཉིས་ལ་དཔེ་དེབ་ལྟ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད། ཚེ་རིང་སྒྲོལ་མས་ཁོམ་པ་ཡོད་ཚེ་ལམ་སེང་བུ་མོ་ཆུང་ཆུང་གཉིས་ལ་བོད་ཡིག་ཀ་མེད་སུམ་ཅུ་དང་ཨང་ཀི་སོགས་སློབ་ཞུགས་གོང་གི་ཤེས་བྱ་ཁྲིད་ཀྱི་ཡོད།

    དུས་ཀྱི་འཁོར་ལོ་མགྱོགས་མྱུར་ངང་མདུན་དུ་སྐྱོད་ཀྱི་ཡོད་པས་ཤེས་བྱ་མེད་ཚེ་རྗེས་ལུས་ཐེབས་སྲིད། དེར་བརྟེན་ཚེ་རིང་སྒྲོལ་མས་ཕྱོགས་གཅིག་ནས་ཤེས་བྱ་སློབ་སྦྱོང་བྱ་རྒྱུའི་ཐད་བརྩོན་འགྲུས་བྱས་ནས་ཉིན་གསོག་ཟླ་གསོག་བྱས་ཏེ་བཟའ་ཟླ་དང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་རྒྱུན་ཆད་མེད་པར་བཀའ་སློབ་ཞུས་པར་བརྟེན་ད་ཆ་ཞིང་ལས་ཚན་རྩལ་ཤེས་བྱའི་དཔེ་དེབ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།

    དུས་མཚུངས་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་དང་ཁྲིད་སྟོན་འོག ཚེ་རིང་སྒྲོལ་མས་རང་ངོས་ཀྱི་སློབ་སྦྱོང་བྱེད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་བྱས་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ཤེས་བྱ་སློབ་སྦྱོང་ནང་ཧུར་ཐག་ཞུགས་ཡོད། སློབ་སྦྱོང་བྱས་པ་བརྒྱུད། ཚེ་རིང་སྒྲོལ་མས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་བྱས་ཚེ་གཞི་ནས་གྲོང་མི་དེ་བས་ལེགས་པའི་སྒོ་ནས་སྣེ་ཁྲིད་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཚ་རླབས་ཁྲོད་ཞུགས་ཐུབ་པ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་ཤེས་ཀྱི་ཡོད།

    ཚེ་རིང་སྒྲོལ་མས་རང་ཁྱིམ་གྱི་སྒོ་ཐོད་དུ“ཁྱིམ་ཚང་ཡག་ཤོས”ཀྱི་བྱང་བུ་འགེལ་བཞིན་ཡོད་པ།

    ཨ་མ་དཀོན་མཆོག་སྒྲོལ་མས་ལས་ཀའི་བར་གསེང་དུ་སྒོ་རའི་ནང་གི་མེ་ཏོག་ལ་ཆུ་རྒྱག་བཞིན་ཡོད་པ།

    གྲོང་ཚོའི་བུད་མེད་ཨུ་ལྷན་གྱི་ལས་བྱེད་པ་ཡིན་པའི་ཚེ་རིང་སྒྲོལ་མས(གཡོན་གྱི་དང་པོ)གྲོང་ཚོ་མཉམ་སྡེབ་ཀྱི་ལས་ཀའི་ནང་ནན་ཏན་གྱིས་ཞུགས་པ།

    ཚེ་རིང་སྒྲོལ་མས་ཞིང་ནང་དུ་ཨ་མ་དང་བུ་མོ་གཉིས་དང་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

    ཚེ་རིང་སྒྲོལ་མས་རང་གི་བུ་མོ་གཉིས་ལ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སློབ་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།