དབུ་ཤོག>གསར་འགྱུར།
  • མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-03

    “བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་འདི་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་བཞག་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཐོག་ཕྱོགས་ཁག་གི་ལས་དོན་ལ་གཅིག་འདོམས་འཆར་འགོད་དང་ཕྱོགས་བསྡུས་ཐོག་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་གང་ལེགས་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་འཕྱུགས་མེད་དམ་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་ལ་དམིགས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་བྱས་པ་དེ་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསྲུང་བྱ་གལ་ཆེན་ཞིག་རེད།

    བོད་འདི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་མི་དམངས་ཀྱིས་གངས་ལྗོངས་ས་མཐོའི་ཐོག་འཚོ་གནས་སྐྱེ་འཕེལ་དང་ཐུན་མོང་ཐོག་ཁྱིམ་གཞིས་བསྐྲུན་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་ཀྲུང་དབྱང་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་མི་རིགས་ཀྱི་སྲིད་ཇུས་དང་ཆོས་ལུགས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་བསྟར་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་ནས་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་དམ་ཟབ་བྱུང་ཡོད། 1965ལོར་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་མི་རིགས་འདྲ་མཉམ་དང་མི་རིགས་ཁག་དབར་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱུང་ལ་མི་རིགས་ཁག་དབར་འགྲོ་འོང་དང་མཉམ་ལས་དམ་ཟབ་བྱེད་ཚད་སྔར་ན་བྱུང་མྱོང་མེད་པ་བྱུང་ཡོད། དེ་ལྟའི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་བ་དེས་མི་རིགས་ཁག་གི་དཔལ་འབྱོར་དང་རིག་གནས་གང་མྱུར་གོང་འཕེལ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། ལོ་རྒྱུས་དང་དོན་དངོས་ཐོག་ནས་མེས་རྒྱལ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཡིན་ལ་མི་རིགས་མཐུན་སྒྲིལ་ནི་མེས་རྒྱལ་གཅིག་གྱུར་གྱི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་རྩོད་བྲལ་གྱི་སྒོ་ནས་ར་སྤྲོད་བྱུང་ཡོད་པ་རེད།

    བོད་འདི་ཉིད་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་དང་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཡིན་པས། བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད། བོད་ཀྱི་ལས་ཀའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་དང་བོད་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དེས་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་ངེས་པར་དུ་འཇོག་དགོས་པར་ཐུག་པས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུ་ལྡོག་མེད་ལས་འགན་དུ་བརྩིས་ནས་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་ལས་དོན་ལ་གཅིག་འདོམས་འཆར་འགོད་དང་ཕྱོགས་བསྡུས་ཐོག་ཤུགས་སྣོན་རྒྱག་དགོས་པ་དེ་ནི་ལོ་རྒྱུས་ཀྱི་ཕྱོགས་སྡོམ་ཞིག་ཡིན་ལ་ལྡོག་ཏུ་མེད་པའི་དོན་དངོས་ཤིག་ཀྱང་རེད།

    མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལྟེ་བ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ནི་བོད་དང་བོད་རིགས་ས་ཁུལ་གཞན་གྱི་བརྟན་ལྷིང་ལ་ཐོག་མཐའ་བར་གསུམ་དུ་ཤུགས་རྐྱེན་ཐེབས་པའི་འབྱུང་རྩ་གཙོ་བོ་དེ་རེད། ང་ཚོས་ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་ཐོག་མཐའ་བར་གསུམ་དུ་ཐུབ་པ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་གང་ལེགས་ཐུབ་པ་བྱེད་དགོས།

    མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་རྨང་རྡོ་ཡིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་ནས“སྤྱིའི་བགོ་གྲངས་ཆེ་ཤོས”ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་མུ་མཐུད་ཕྱོགས་ཡོངས་ནས་ཡང་དག་ལག་བསྟར་བྱེད་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་སྟངས་འཛིན་ནན་པོ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་ཕན་པ་སྔར་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཁྲོད་ཀྱི་ཏང་གི་གོང་བུ་འགྲིལ་ཤུགས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས།

    དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་རེད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་ལྟར་དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་དང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་འཆམ་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་སྟོབས་ཤུགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ཀྱི་བླང་བྱ་དང་འཚམ་པའི་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཆོས་ལུས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།