“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དེ་ཐོག་ནས་བོད་ཀྱི་ལས་ཀའི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་ལས་ཀའི་གཙོ་གནད་དང་ཁྱོན་ཡོངས་ཀྱི་དམ་འཛིན་བྱ་གཞི་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཕྱིར་ང་ཚོར་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པ་རེད།
བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པར་རྩ་དོན་གལ་ཆེན་དང་ཡིན་མིན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་དང་། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།
རང་རེའི་ཏང་གིས་སྔར་ནས་བཟུང་ཏང་ཡོན་ལས་བྱེད་པར་རྩ་དོན་ལ་སྣང་ཆེན་བྱ་རྒྱུའི་ནན་བཤད་བྱེད་ཀྱི་ཡོད། རྩ་དོན་ལ་སྣང་ཆེན་བྱེད་པར་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱ་རྒྱུ་གཞི་རྩ་ཡིན།
ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་ཆགས་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོ་སྟངས་འཛིན་འཕྱུགས་མེད་བྱས་ཏེ་ཆབ་སྲིད་ཐད་རང་ཡིད་རང་ཆེས་བརྟན་པོ་དང་། བསམ་བློའི་ཐད་བློ་སེམས་གཅིག་མཐུན། བྱ་སྤྱོད་ཐད་ཚད་མཐོའི་རང་འགུལ་བཅས་ཡོང་བ་བྱས་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་བློ་བརྟན་འགྱུར་མེད་ངང་དམིགས་སར་དོན་འཁྱོལ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་དོན་འཁྱོལ། དངོས་ཕན་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།
བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པར་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། ཐམས་ཅད་སྤྱི་ཡོངས་ནས་འགོ་འཛུགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ལེན་བཅས་བྱེད་དགོས། སྤྱི་ཡོངས་དེ་ལས་དོན་དང་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་ལ་འཐབ་ཇུས་བཀོད་སྒྲིག་དང་། ཁྱོན་ཡོངས་ཀྱི་ཁེ་ཕན། བློ་ཕྱོགས་གཏད་མིན་བཅས་དང་ཡང་འབྲེལ་བ་ཡོད། འཛམ་གླིང་གི་མིག་སྔའི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། རང་ལྗོངས་ཀྱི་གནས་ཚུལ་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས་བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུར་འཕྲད་པའི་དུས་བབ་དང་ལས་འགན་སྟངས་འཛིན་འཕྱུགས་མེད་བྱས་ནས་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དམ་འཛིན་ནན་པོ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ་ཡོང་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུའི་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱ་རྒྱུ་ནི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་དང་དགོངས་དོན་གྱི་ངོ་བོ་ཡིན་ལ་བོད་ཀྱི་ལས་ཀའི་སྤྱི་ཡོངས་གནས་ས་དེའང་རེད། སྤྱི་ཡོངས་སྟངས་འཛིན་དང་སྤྱི་ཡོངས་དང་ལེན་བྱས་ཚེ་གཞི་ནས་དམིགས་ཚད་དང་ཁ་ཕྱོགས་གསལ་སྟོན་དང་མདུན་སྐྱོད་ལམ་བུར་སྟངས་འཛིན་ཡག་པོ་བྱེད་ཐུབ།
བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པར་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་བཏང་ནས་སེམས་ནུས་དེ་ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་ཐོག་འཇོག་དགོས། མཐུན་སྒྲིལ་ནི་སྔར་ནས་བཟུང་ཏང་གི་བྱ་གཞག་ལ་ཟམ་མི་ཆད་པར་རྒྱལ་ཁ་ཐོབ་པའི་འགན་ལེན་གལ་ཆེན་ཞིག་རེད། མིག་སྔར་ང་ཚོ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་གནས་ཡོད། དེ་དང་ཕྱོགས་མཚུངས་ང་ཚོའི་ཕྲག་ཐོག་ཏུ་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་འཁུར་ཡོད། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་འགྲན་སློང་དང་དཀའ་ངལ་གསར་པ་འཕྲད་ཡོད། མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་མཐུན་སྒྲིལ་ནི་མི་ཉམས་ཡུན་གནས་ཀྱི་བརྗོད་དོན་གཙོ་བོ་ཞིག་རེད། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་རུང་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་བློ་གཅིག་སེམས་གཅིག་བྱེད་དགོས། ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མཐུན་སྒྲིལ་ལ་དགའ་གཅེས་བྱས་ནས་ཕྱོགས་ཁག་གི་བློ་རིག་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་ནུས་ལྡན་ངང་སྒྲིལ་ཏེ་མཐུན་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་བྱས་ནས་ངར་ཤུགས་གཅིག་ཏུ་སྒྲིལ་བ་དང་། བསམ་བློ་གཅིག་ཏུ་གཏད་པའི་མཉམ་ཤུགས་ཆེན་པོ་ཞིག་དངོས་འབྲེལ་ཆགས་པ་བྱེད་དགོས།
བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པར་ཏང་གི་སྒྲིག་ཁྲིམས་ལ་རང་འགུལ་ངང་སྲུང་བརྩི་ཞུས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། “ཆ་གསུམ་འཐབ་ཇུས། ཆ་བདུན་ལག་བསྟར”སྒྲིག་ཁྲིམས་སྲུང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་བསམ་བློ་དང་བྱ་སྤྱོད་ཀྱི་གཞི་རྩའི་ཚད་གཞི་ཡིན་ཞིང་། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཏང་གི་གོང་བུ་འགྲིལ་ཤུགས་དང་། གསར་གཏོད་བྱེད་ཤུགས། འཐབ་ནུས་བཅས་ཀྱི་ཐག་གཅོད་བྱེད་ཀྱི་ཡོད། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པ་ཚང་མའི་འགན་འཁྲི་ཡིན། གནས་བབ་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་བཏང་ནས་བདེན་པ་མཐའ་འཁྱོངས་དང་རྩ་དོན་མཐའ་འཁྱོངས་ཀྱིས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཏན་ཏིག་ཡོང་བ་བྱེད་དགོས་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་ཀའི་བསམ་ཕྱོགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་བྱ་ཐབས་དོན་གཉེར་ཡག་པོ་དང་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།