དབུ་ཤོག>གསར་འགྱུར།
  • ཏང་གི་བོད་སྐྱོང་ཇུས་ཆེན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-09-01

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཏེ་བོད་ཀྱི་ལས་ཀའི་སྤྱི་ཡོངས་སྟངས་འཛིན་དང་། བོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཕྱིར་ང་ཚོར་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ལོ་ངོ་60ལྷག་ཙམ་རིང་གི་རླབས་ཆེན་ལག་ལེན་བརྒྱུད་ཏང་གི་བོད་སྐྱོང་འཐབ་ཇུས་ཤིག་ཆགས་ཡོད། དེ་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་ཏུ་སྒྲིལ་བ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་སྟངས་འཛིན་ནན་པོ་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པར་བྱེད་པ། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་ཐོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ངེས་པར་དུ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་རེད། “ངེས་པར་དུ་དྲུག”ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་ཀྱིས་ཏང་གིས་བོད་དུ་སྲིད་སྐྱོང་བྱས་ནས་ལོ་60ལྷག་ཙམ་སོང་རིང་གི་ལག་ལེན་དངོས་ཀྱི་རྨང་གཞིར་ཕྱོགས་སྡོམ་གཏིང་ཟབ་བྱས་པའི་ཚན་རིག་གི་བསྡོམས་ཚིག་ཅིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་རྩོད་སྒྲུབ་རིག་པའི་བློ་རིག་གི་འོད་སྟོང་འཕྲོ་བ་མ་ཟད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་དགོངས་པ་མངོན་ནས་དུས་རབས་རང་བཞིན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་རང་བཞིན། འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལྡན་ཡོད་པ་ནི་རྒྱལ་སྐྱོང་སྲིད་གཉེར་དང་མཐའ་མཚམས་བརྟན་ལྷིང་དང་བོད་ལྗོངས་དར་རྒྱས་ཀྱི་ཆོས་ཉིད་ཚད་མཐོའི་གཅིག་སྡུད་བྱས་པ་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས་བོད་ཀྱི་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཆེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    བོད་ཀྱི་ལོ་60ལྷག་ཙམ་རིང་གི་འཕོ་འགྱུར་ནི་རང་རེའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་དུས་བསྟུན་འཕེལ་རྒྱས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་འགྲོ་བའི་བརྒྱུད་རིམ་ཞིག་རེད།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གིས་བོད་ལ་འཆར་འགོད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་སྤྱད་ཡོད། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྐོང་ཚོགས་བྱས་ནས་དུས་ཐོག་ཏུ་སྲིད་ཇུས་དང་བྱ་ཐབས་བཏོན་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་བཏང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བར“འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་བོད་ལྗོངས་དར་རྒྱས་གོང་འཕེལ་དང་དཔལ་དང་འབྱོར་བ་ལྡན་པ”བྱ་རྒྱུ་དེ་ལྟེ་བའི་ལས་འགན་དང་འབད་འཐབ་དམིགས་ཚད་དུ་བརྩི་རྒྱུ་བཏོན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནུས་རྒྱུ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་ལས་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ་བཅས་ཀྱི་བཀོད་སྒྲིག་བྱས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་དཔལ་འབྱོར་སྲིད་ཇུས་དང་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་རབ་དང་རིམ་པ་བཟོས་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ”བཅས་ཀྱི་བླང་བྱ་གསལ་སྟོན་བྱས་པ་དང་དུས་མཚུངས“ཡུག་བགོས་འགན་འཁུར་དང་། ཁ་གཏད་བོད་སྐྱོར། དུས་བཀག་རེས་མོས”བཅས་ཀྱི་ཐབས་ཇུས་གལ་ཆེན་བཏོན་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་དུ“མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས”ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུ་བཏོན་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་དམ་འཛིན་ནན་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པའི་ཁྲོད་བཅུག་པ། གཅིག་རྒྱུན་གཅིག་འཛིན་གྱི་རྨང་གཞིའི་ཐོག་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཏེ་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་དུས་རབས་གསར་པ་བཏོད་ཡོད་པ་རེད།

    ད་ཆ་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཟིན་པ་དང་བརྗིད་ཆེའི་འཆར་གཞིའང་བཀོད་ཟིན། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འབེབས་བྱས་པའི་བོད་སྐྱོང་ཇུས་ཆེན་གྱི་ཁྲིད་སྟོན་འོག་རྡོ་ལ་ལག་རྗེས་ཐོན་པ་དང་ལྕགས་ལ་ཤུར་ཁ་ཐོན་པའི་ངར་ཤུགས་ལ་བརྟེན་ནས་བོད་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།