དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཐད་ཕན་འབྲས་ཟམ་མི་ཆད་པར་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-31

    གསར་འགོད་པས་ཉེ་ཆར་ལྗོངས་ཡོངས་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་ཁོངས་གཏོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ལོ་འཁོར་གྱི་སྙན་ཐོ་སྤྱི་བསྒྲགས་ལས་ཀའི་གཟེངས་བསྟོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་དངོས་བརྩོན་དངོས་སྒྲུབ་དང་དམ་པ་དོན་གཉེར་བྱས་ཏེ་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་པའི་ཐད་ཤུགས་རྒྱག་པ་དང་དངོས་ཕན་དོན་གཉེར་བྱས་པ་དང་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་སྒྱུར་བཅོས་ཐད་ཕན་འབྲས་ཟམ་མི་ཆད་པར་ཐོན་ནས་རང་ལྗོངས་ཀྱི་དཔལ་འབྱོར་ཐད་ལྡན་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་ཐུབ་པ་རེད།

    རྒྱལ་ཡོངས་ཀྱི་བཟོ་ཚོང་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་རང་ལྗོངས་བཟོ་ཚོང་སྡེ་ཚན་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དོན་འཁྱོལ་ཡག་པོ་བྱུང་ཞིང་། བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉར་ཚགས་བྱས་པའི་བཟོ་ཚོང་ཐོ་འགོད་ཞིབ་མཆན་དོན་ཚན་གྱི་དཀར་ཆག་ལག་བསྟར་ནན་པོ་བྱས་ནས་ཐོ་འགོད་གོ་རིམ་སྔར་བས་སྟབས་བདེར་བཏང་བ་དང་། གཉིས་ནི“ལག་ཁྱེར་གསུམ་གཅིག་ཏུ་སྒྲིལ་བའི”ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ལྷ་ས་གྲོང་ཁྱེར་དུ“ལག་ཁྱེར་གསུམ་གཅིག་ཏུ་སྒྲིལ་བའི”སྒྱུར་བཅོས་ཚོད་ལྟ་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱིས“ལག་ཁྱེར་གསུམ་གཅིག་ཏུ་སྒྲིལ་བའི”ཐོ་འགོད་བྱེད་སྟངས་བརྒྱུད་ཁྱོན་ཁེ་ལས་566ཐོ་འགོད་བྱས་པར་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་13.8ཟིན་ནས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་པ། གསུམ་ནི་ཐོ་འགོད་མ་རྩ་བསྡུ་བའི་ཐོ་འགོད་ལམ་ལུགས་དང་། སྡོད་གནས་ཐོ་འགོད་ཆ་རྐྱེན་ལྷུག་གཏོང་། སྔོན་ལ་ལས་གཉེར་ལག་ཁྱེར་གཉེར་བ་དང་རྗེས་སུ་ཆོག་འཐུས་འགྲོ་ལུགས་གཉེར་བའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞབས་ཞུ་ལེགས་སུ་གཏོང་བ་དང་འགྲོ་ལུགས་སྟབས་བདེར་བཏང་སྟེ་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས་བཟོ་ཚོང་ཐོ་འགོད་ལས་སྒོ་80%ཡན་ཉིན་དེ་གར་ལས་དོན་སྒྲུབ་ཐུབ་པ་བྱུང་བ་རེད།

    ལོ་ཕྱེད་རིང་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས་རང་ལྗོངས་ཀྱི་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་སྔོག་འདོན་ཐུབ་ནས་སྤྱི་དམངས་ཀྱི་ལས་གཏོད་དང་གསར་གཏོད་ལ་སྐུལ་མ་ཐེབས་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་སྲིང་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།

    ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་གཟུགས་འབོར་ཚད་ཆེན་པོས་འཕར་ཞིང་། ལོ་སྟོད་དུ་ལྗོངས་ཡོངས་སུ་ཁྲོམ་རའི་གཙོ་གཟུགས་24943འཕར་བར་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་1346.21ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་98.78%དང་387.18%འཕར་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་གཙོ་གཟུགས་དུད་ཚང་ཁྲི་13.51ཟིན་ནས་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་4165.08ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་47%དང་74.51%མང་དུ་ཕྱིན་པ་རེད།

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་ཤུགས་ཆེ་ཞིང་། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཁྲོམ་རའི་གཙོ་གཟུགས་དུད་ཚང་ཁྲི་13.05ཟིན་ནས་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་2918ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་48.50%དང་128.97%མང་དུ་སོང་བ་དང་། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོད་ཞུགས་མཁན་མི་གྲངས་ཁྲི་76.47ཟིན་ནས་དུས་མཚུངས་ལས་12.63%འཕར་བ་དང་ལས་ཞུགས་སྐུལ་གཏོང་དང་དཔལ་འབྱོར་སྐུལ་ཁྲིད་ཕན་ནུས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད་པ་རེད།

    ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་སོང་ཞིང་། རང་ལྗོངས་ཀྱི་ཐོན་ལས་དང་པོའི་ཁྲོམ་རའི་གཙོ་གཟུགས་ཀྱིས་བསྡུར་ཚད་3.69%དང་། ཐོན་ལས་གཉིས་པས་8.73% ཐོན་ལས་གསུམ་པས་87.58%བཅས་བཟུང་བ་དང་གློག་རྡུལ་ཆ་འཕྲིན་དང་། བཟའ་བཏུང་ལས་རིགས། སིལ་ཚོང་དང་ཞབས་ཞུའི་ལས་རིགས་གཞན་དག་བཅས་དམངས་ཡོངས་ཀྱི་མ་འཇོག་ལས་གཏོད་བྱ་ཡུལ་ཨང་དང་པོར་གྱུར་ཡོད་པ་རེད།

    ཚོང་རྟགས་དང་བརྡ་ཁྱབ་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཚོང་རྟགས་ཐོ་འགོད་རེ་འབུལ་ཞུ་ཚད་1553ཟིན་པར་ཁྱོན་ཐོ་འགོད་ཚོང་རྟགས་4460ཡོད་པ་དང་ཀྲུང་གོའི་གྲགས་ཅན་ཚོང་རྟགས་13དང་། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་89 ས་ཁམས་མཚོན་པའི་ཚོང་རྟགས་13བཅས་ཡོད་པ་རེད། སྲིད་འཛིན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བརྡ་ཁྱབ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལྗོངས་ཡོངས་སུ་བརྡ་ཁྱབ་གཉེར་སྐྱོང་ཚན་པ་820དང་བརྡ་ཁྱབ་གཉེར་སྐྱོང་དངུལ་འབོར་སྒོར་དུང་ཕྱུར་4.35ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།