དབུ་ཤོག>གསར་འགྱུར།
  • རྒྱུགས་ལེན་ཞིག་དང་རྒྱུགས་སྤྲོད་ཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-30

    བོད་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི“4·25”ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གླིང་སྣེའི་ས་ཁུལ་དུ་ཡོམ་འགོག་གེགས་སེལ་བྱེད་པའི་དཀའ་ཚེགས་ཆེ་བའི་དུས་དེར་ཕྱིར་མིག་ལྟ་སྐབས་དམིགས་བསལ་གྱི་དམག་འཐབ་དེས་བློ་སྒོ་མང་པོ་ཕྱེ་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཏང་འཛུགས་སྐྱོང་གི་གྲུབ་འབྲས་གསར་ཤོས་ཐོག་ནས་བོད་དུ་ཡོད་པའི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་རིམ་པ་གཏིང་ཟབ་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཐུབ་པ་སླར་ཡང་ར་འཕྲོད་བྱས་ཡོད།

    ད་ཐེངས་ས་ཡོམ་རིམ་པ་མཐོ་བ་དང་། གཏོར་སྐྱོན་ཆེ་བ། རོགས་སྐྱོར་བྱེད་དཀའ་བ་བཅས་ཡིན་པ་དེ་བོད་ཀྱི་ས་ཡོམ་ལོ་རྒྱུས་ཐོག་ཐོན་ཧ་ཅང་ཉུང་ཉུང་ཡིན་ཞིང་། ས་ཁུལ་དང་བར་ཐག་རིང་བའི་མཐའ་མཚམས་ས་ཁུལ་གྱི་གེགས་བར་ཚབས་ཆེན་ཁུལ་དུ་ཏང་གི་གཞི་རིམ་རྩ་འཛུགས་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གུང་ཁྲན་ཏང་ཡོན་གྱིས་སྣེ་ཁྲིད་ཀྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་གེགས་སྐྱོབ་གེགས་སེལ་ནང་ཞུགས་པ་རེད།

    ས་ཡོམ་ཁྲོད་སྐྱིད་གྲོང་གྲོང་རྡལ་སྐྱིད་སྦུག་གྲོང་ཚོའི་བསྟན་འཛིན་སྒྲོལ་མའི་ནང་མི་ལྔ་ཞིག་རོའི་ཁྲོད་དུ་ལུས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ཏང་ཡོན་གྱི་སྣེ་ཁྲིད་དེ་ཡོམ་འཕྲོ་ཁྲོད་ཞིག་རོའི་ནང་བསྐྱོད་དེ་ལག་གཉིས་ལ་བརྟེན་ནས་ཁོང་ཚོ་བསྐྱབས་པ་རེད། དེ་རྗེས་ལག་གཉིས་ཀ་ཁྲག་གིས་འཚོས་པ་དང་གཟུགས་པོ་ཡོངས་འདམ་བག་ཡིན་པའི་གུང་ཁྲན་ཏང་ཡོན་ཚོ་སླར་ཡང་གྲོང་མིའི་རྒྱུ་ནོར་མྱུར་སྐྱོབ་བྱེད་པར་ཞུགས།

    དིང་རི་རྫོང་རོང་ཤར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པས་ཡོམ་འཕྲོའི་ཁྲོད་མང་ཚོགས་མྱུར་སྐྱོབ་བྱེད་སྐབས་རྦབ་རྡོ་མགོར་ཐེབས་ཀྱང་མང་ཚོགས་གནས་སྤོས་ཁ་ཐོར་སྒྲིག་འཛུགས་བྱས་ནས་ཆུ་ཚོད་20བསྟུད་མར་འབད་འཐབ་བྱས།

    ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་གཞི་རིམ་རྩ་འཛུགས་ནི་དམག་འཐབ་མཁར་རྫོང་ལྟ་བུར་གྱུར་པ་དང་ཏང་ཡོན་ནི་དར་ཆ་ལྟ་བུར་གྱུར། ས་ཡོམ་བརྒྱབ་རྗེས་གེགས་བར་ཚབས་ཆེན་ཁུལ་ཡིན་པའི་སྐྱིད་གྲོང་རྫོང་གི་ཏང་ཡོན་1700ལྷག་ཙམ་གྱིས་ཏང་ཡོན་གདོང་ལེན་འཕྲལ་སྒྲུབ་རུ་ཁག་70ལྷག་ཙམ་བཙུགས་ཏེ་བྱེད་ཐབས་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་ཡོམ་འགོག་གེགས་སེལ་ནང་ཞུགས།

    ཏང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱ་ཆེའི་ཏང་ཡོན་ཚོའི་སྔོན་ཐོན་དཔེ་སྟོན་ལས་བོད་མི་དམངས་ཚོའི་དཀའ་ཚེགས་ལ་མི་འཛེམས་པ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་འཕེལ་བ་དང“མི་བརྒྱ་སེམས་གཅིག”གི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པས་གོ་རིམ་ལྡན་པ་དང་། ནུས་པ་ལྡན་པ། སྟོབས་དང་ལྡན་པ་བཅས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་བྱ་རྒྱུའི་འགན་ལེན་བྱས་ཡོད།

    རྨང་གཞི་བརྟན་པོ་ཡོད་ཚེ་ས་གཡོ་རི་འགུལ་བཀག་འགོག་ཐུབ། གེགས་ཁུལ་དུ་གསར་འགོད་པས་བཅར་འདྲི་བྱེད་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྷ་སར“3·14”དོན་རྐྱེན་ཐོན་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ཉེ་བའི་ལོ་གསུམ་རིང་ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་། “གཉིས་ལྡན་དུད་སྦྲེལ”། དྲ་མིག་ཅན་དོ་དམ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་བརྒྱབ་པས་ཉེན་ཁའི་དུས་སུ་ཏང་ཡོན་དང་ལས་བྱེད་པས་འགན་འཁུར་ཕོད་པའི་འགན་ལེན་ཐུབ་པའི་ངོས་འཛིན་བྱེད་ཀྱི་འདུག

    མི་རྩ་བར་འཛིན་ནས་མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་བྱས་ཚེ་གཞི་ནས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་མཐའ་མཚམས་བཅོས་སྐྱོང་དང་བོད་བརྟན་ལྷིང་ཡོང་བ་བྱེད་པའི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པ་སླར་ཡང་ར་འཕྲོད་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྲིད་གཞུང་གིས་དད་ལྡན་མང་ཚོགས་ལ་ཆེད་མངགས“གུར་གྱི་ཆོས་ཁང”བཟོས་པས་ལྷག་པ་སྒྲོལ་མ་སོགས་བཙུན་མ་བཞིས་ས་ཡོམ་ཁྲོད་རྐྱེན་ལམ་ཤོར་བའི་ངག་དབང་ལ་རྗེས་འཇུག་ཞབས་བརྟན་བྱེད་བཞིན་ཡོད་པ་རེད། བཙུན་མ་ཐུབ་བསྟན་སྒྲོལ་དཀར་གྱིས“སྲིད་གཞུང་གིས་ང་ཚོར་ཟ་སྡོད་མཁོ་འདོན་གནང་བ་མ་ཟད‘གུར་གྱི་ཆོས་ཁང’ཡང་བཀོད་སྒྲིག་གནང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྙིང་དབུས་ནས་བཤད།

    “མི་རྩ་བར་འཛིན་པའི”འདུ་ཤེས་དེ་ཐོག་མཐའ་བར་གསུམ་དུ་ཡོམ་འགོག་གེགས་སེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ། ས་ཡོམ་བརྒྱབ་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཚེ་སྲོག་མཐའ་དག་ལས་ལྷག་པ་དང་མི་སྐྱོབ་རྒྱུ་དེ་ཨང་དང་པོར་འཇོག་དགོས”ཞེས་གསལ་སྟོན་བྱས།

    ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་ཡོད་པའི་འགྲམ་གྲོང་རྡལ་དུ་རི་ཉིལ་བ་དང་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པས་རང་སྐྱོང་ལྗོངས་ཀྱིས་མི་སེར་ཚང་མ་གནས་སྤོ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་ས་བབ་སྨི་2000ལྷག་ཙམ་ཡོད་པའི་ལྷ་རྩེའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པས་མང་ཚོགས་མང་པོ་འཕྲོད་ཀྱི་མེད་པས་སྲིད་གཞུང་གིས་ཁོང་ཚོ་གཞིས་རྩེ་གྲོང་ཁྱེར་དུ་སླར་ཡང་བཀོད་སྒྲིག་བྱས།

    ཚད་ཆེ་ཤོས་ཀྱི་ཐོག་ནས་གེགས་ཁུལ་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དང་མཐུན་པ་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་ཕྱིར་གེགས་ཁུལ་སྲིད་གཞུང་གིས་མང་ཚོགས་ལ་དམངས་འདོད་བརྟག་དཔྱད་རེའུ་མིག་སྤྲད་ནས་མང་ཚོགས་ལ་ཡིད་ཆེས་དང་སྟོབས་ཤུགས་སྦྱིན། “མི་རྩ་བར་འཛིན་པ་དང་མི་དམངས་ཨང་དང་པོར་འཇོག་པའི”སྲིད་སྐྱོང་འདུ་ཤེས་དེ་ལས་ཡོམ་འགོག་གེགས་སེལ་ནང་ཞུགས་པའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ནུས་ལྡན་ཐུབ་པ་མ་ཟད་མང་ཚོགས་ཀྱིས་དྲིན་ཚོར་བཞིན་དུ་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་མའང་ཐེབས་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱི་རྒྱུན་ལས་གྲོང་སྤྱི་གཞོན་པ་འཕྲིན་ལས་ཉི་མས་ཡོམ་འགོག་གེགས་སེལ་བྱེད་རིང་སྲིད་གཞུང་གི་སྤྱིར་བཏང་མ་ཡིན་པའི་སྐུལ་སློང་ནུས་པ་དང་མི་དམངས་མང་ཚོགས་ཀྱི་ཟོལ་མེད་རྒྱབ་སྐྱོར་དང་བརྩི་སྲུང་དེ་ཉེ་བའི་ལོ་ཤས་རིང་ལས་བྱེད་པས་རྒྱ་ཁྱབ་ངང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད། དོན་དངོས་ཀྱི་ཐོག་ནས་མང་ཚོགས་ལས་དོན་ཐད་བོད་ཀྱི་རིམ་ཁག་སྲིད་གཞུང་ལ་ཉམས་མྱོང་གསར་པ་གསོག་འཇོག་བྱས་ཡོད་པ་མཚོན་ཡོད་ཅེས་བཤད་པ་རེད།

    འཕྲིན་ལས་ཉི་མས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལས་དོན་ཁྲོད་མི་སེམས་བརྩོན་ལེན་བྱེད་པ་དང“བསམ་བློ་གཅིག་ཏུ་གཏོང་བའི”གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་མང་ཚོགས་སྐུལ་སློང་བྱས་ཏེ“བྱ་སྤྱོད་མཉམ་དུ་སྤེལ་བའི”གནད་དོན་ཐག་གཅོད་བྱས་ནས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བཤད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ཚེ་གཞི་ནས་ཆེས་རྒྱ་ཁྱབ་ངང་བོད་འདི་ཉིད་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་བའི“ཀྲུང་གོའི་སྟོབས་ཤུགས”གཅིག་སྡུད་ཐུབ་པ་སླར་ཡང་ར་འཕྲོད་བྱས་ཡོད།

    ད་ཐེངས་ས་ཡོམ་གྱི་གེགས་བར་ཚབས་ཆེན་ཁུལ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་ས་བབ་སྨི་4000ཡན་ཡོད་པའི་ཀྲུང་ནེའི་མཐའ་མཚམས་སུ་གནས་པ་དེར་གཙོ་བོ་བོད་རིགས་ཞིང་འབྲོག་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་མི་རིགས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བ། དད་པ་མི་འདྲ་བ་བཅས་ཀྱི་རོགས་སྐྱོར་སྟོབས་ཤུགས་མི་འདྲ་བ་མི་བལྟོས་པར་བར་ཐག་རིང་པོར་མི་འཛེམས་པར་མགྱོགས་མྱུར་ས་ཡོམ་གེགས་ཁུལ་དུ་མཉམ་འཛོམས་བྱས་ཏེ་དེ་གར་བཅའ་སྡོད་སྤྱི་བདེ་དང་། མཐའ་སྲུང་། བཅིངས་འགྲོལ་དམག་བཅས་དང་ཐུན་མོང་ཐོག་རོགས་སྐྱོབ་ཆེ་མོའི་ནང་ཞུགས།

    ཉེན་ཁའི་དུས་སུ་ཚང་མས་སོ་སྲུང་རོགས་རེས་བྱེད། ས་ཡོམ་རྒྱག་སྐབས་རིར་བརྟེན་ནས་སྐྲུན་པའི་འགྲམ་གྲོང་རྡལ་ས་གཡོ་རི་འགུལ་དུ་གྱུར་ནས་འདམ་བག་དང་སྦྲགས་རྦབ་རྡོ་རི་གཤམ་དུ་ལྷུངས་བས་བྱིས་པ་ཀརྨ་བསྟན་འཛིན་ལ་དངངས་སྐྲག་ཆེན་པོ་བྱུང་ཞིང་། བྲོས་ཐབས་བྲལ། ས་སྲུང་བཞིན་པའི་གཉའ་ལམ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་འཐབ་འཛིང་པ་ཀྲང་ཀའོ་ཡུང་དང་ཀྲུའུ་ཝུན་ཤིས་གཉིས་ཀྱིས་དུས་གཅིག་ཏུ་ཀརྨ་བསྟན་འཛིན་གྱི་ཕྱོགས་སུ་རྒྱུག་ཕྱིན། ཀྲང་ཀའོ་ཡུང་གིས་ཕྲུ་གྲུ་རང་ཉིད་ཀྱི་མདུན་དུ་འཐེན་ནས་ཕྲུ་གུ་སྲུང་ཐུབ་ཀྱང་རང་ཉིད་རྦབ་རྡོ་ཞིག་གིས་མནན་ནས་འགུལ་ཐབས་བྲལ་བར་གྱུར།

    “ཟླ་གསུམ་པར་གངས་སྐྱོན་ཕོག་པ་དང་ད་ཆ་སླར་ཡང་ས་ཡོམ་ཆེན་པོ་དེ་འདྲ་བརྒྱབ་པས་ས་ལེབ་ཤང་གི་གྲོང་མི་རྣམས་ཇི་ལྟར་བྱེད་དགོས་སམ”ཞེས་ངལ་གསོ་རྒྱག་བཞིན་ཡོད་པའི་སྐྱིད་གྲོང་རྫོང་སྲིད་གྲོས་ཀྱི་འགན་འཁུར་བ་ལིའུ་ཡུང་ཞང་གིས་སེམས་ཁྲལ་ཆེན་པོས་བཤད། ཁོང་གིས་འཕྲལ་མར་གེགས་ཁུལ་དུ་བསྐྱོད་པ་དང་རླངས་འཁོར་ས་བབ་སྨི་5200ལྷག་ཙམ་ཡོད་པའི་ལ་ཐོག་ལ་རི་རྩེར་སླེབས་སྐབས་གངས་ཉིལ་གྱིས་ལམ་བུ་བཀག་པས་ཁོང་གིས་སྨན་དོན་མི་སྣའི་སྣེ་ཁྲིད་དེ་རྐང་ཐང་དུ་ཆུ་ཚོད་ལྔ་ལྷག་ཙམ་བསྐྱོད་དེ་ས་ལེབ་ཤང་གི་གེགས་འགོག་གེགས་སེལ་ལས་དོན་སྒྲིག་འཛུགས་བྱས།

    དཀའ་ངལ་འཕྲད་སྐབས་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ། ས་ཡོམ་བརྒྱབ་རྗེས་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོའན་ཀྲང་ལས་རོགས་དབྱང་ཞའོ་ཏུང་གིས་ཡོམ་འཕྲོ་ཆེན་པོའི་ཁྲོད་གེགས་བར་ཚབས་ཆེན་ཁུལ་ཡིན་པའི་སྐྱིད་རོང་རྫོང་ལ་སྔོན་དུ་འབྱོར་ཞིང་། ཁོང་གིས་ས་གནས་དེ་གའི་སྨན་བཅོས་ཐོན་ཁུངས་མགྱོགས་མྱུར་འདུ་སྒྲིལ་བྱས་ནས་ཉིན་མཚན་བཞི་ངལ་གསོ་མ་བརྒྱབ་པར་རྨས་མ་1000ལྷག་ཙམ་སྐྱོབ་བཅོས་བྱས་པ་རེད།

    གེགས་རྗེས་ཀྱི་གཉའ་ལམ་རྫོང་གྲོང་དུ་ཁ་བ་ལྷབ་ལྷུབ་ཏུ་བབས། སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཀྲེན་ཞའོ་ལུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གྱོན་གོས་དང་ཉལ་ཆས་མི་འདང་བ་ཤེས་རྗེས་འཕྲལ་མར་མཛོད་ཁང་ནང་ཡོད་པའི་རིན་ཐང་སྒོར་ཁྲི་10ལྷག་ཙམ་རི་བའི་སྲིང་བལ་གྱོན་གོས་ཚང་མ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་མི་དགོས་པར་སྤྲད་པ་རེད། ཀྲེན་ཞའོ་ལུང་གིས“ང་གཉའ་ལམ་རྫོང་དུ་ཚོང་བརྒྱབ་ནས་ལོ་གསུམ་ལྷག་ཙམ་ཕྱིན་སོང་། བོད་རིགས་མང་ཚོགས་ཀྱི་ཟོལ་མེད་དང་། བབ་ཆགས། སེམས་བཟང་བཅས་དངོས་གནས་མྱོང་ཚོར་ཐུབ་བྱུང་ལ་དེ་གའི་མཐུན་སྒྲིལ་དང་ཞི་མཐུན་ཡང་མྱོང་ཚོར་ཐུབ་བྱུང”ཞེས་བཤད་པ་རེད།

    རྒྱུན་ཆད་མེད་པར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ་གཞི་ནས་དངོས་ཤུགས་སྔར་བས་ཆེ་བའི་ཐོག་ནས་གནོད་འཚེ་དང་ཉམས་ཉེན་སྣ་ཚོགས་འགོག་ཐུབ་པ་སླར་ཡང་ར་འཕྲོད་བྱས་ཡོད།

    ཟླ་4ཚེས་25ཉིན་ས་ཡོམ་བརྒྱབ་རྗེས་རྒྱལ་ལམ་318ལམ་ཐིག་གི་གཉའ་ལམ་ནས་འགྲམ་བར་གྱི་ལམ་དུམ་བར་གནོད་འཚེ་ཚབས་ཆེན་ཕོག ཚེས་26ཉིན་དྲག་ཆས་ཉེན་རྟོག་གི་དེང་རབས་ཅན་གྱི་ལྗིད་བཏེགས་འགྲིམ་འགྲུལ་འཕྲུལ་ཆས་འབོར་ཆེན་བེད་སྤྱོད་བཏང་ནས་ཆུ་ཚོད་24རྒྱུན་ཆད་མེད་པར་ལས་ཀ་བྱས་པ་བརྒྱུད་སྔོན་དཔག་བྱས་ན་ཉིན་བཅུའི་ནང་གཞི་ནས་ཤར་གཏོང་ཐུབ་པའི་ལམ་བུ་དེ་ཆུ་ཚོད་40ལྷག་ཙམ་ནང་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་རེད། ལས་རོགས་བཟོ་བཀོད་པ་བསོད་ནམས་རྒྱལ་པོས“གནས་ཚུལ་དང་རྣམ་པ་དེ་ལས་ང་ཚོར་རླངས་འཁོར་ཆེ་གྲས་ཁོ་ན་མཐོང་བ་མ་ཟད་རྒྱལ་ཁབ་ཀྱི་དངོས་ཤུགས་ཀྱང་མཐོང་བྱུང”ཞེས་བཤད་པ་རེད།

    གེགས་ཁུལ་གྱི་ལམ་བུ་ཁག་གཅིག་སྔར་བཞིན་མྱུར་བཟོ་བྱེད་བཞིན་ཡོད་པས་དངོས་ཟོག་སྒལ་པར་འཁུར་བའི་ཐབས་ལ་བརྟེན་ནས་དབོར་འདྲེན་བྱེད་དགོས་པར་དམིགས་ནས་ཟླ་4ཚེས་27ཉིན་ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཐད་འཕུར་གནམ་གྲུ་3བཏང་ནས་གེགས་ཁུལ་མང་ཚོགས་ལ་གེགས་སེལ་དངོས་ཟོག་དབྱུགས་པ་རེད། སྐྱིད་གྲོང་གྲོང་རྡལ་གྱི་མི་མང་པོར་གནས་ཚུལ་དེས་སེམས་འགུལ་ཟབ་མོ་ཐེབས། ཚེས་29ཉིན་རི་ཟུར་གྲོང་ཚོའི་གྲོང་མི་ཟླ་བ་སྒྲོལ་མའི་ནང་མི་ཐད་འཕུར་གནམ་གྲུར་བསྡད་ནས་སྐྱིད་རོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པ་རེད།

    “ཀྲུང་གོར་སྐྱེས་པ་ནི་དངོས་གནས་བསོད་ནམས་རེད། རང་ཉིད་ཀྲུང་གོ་བ་ཞིག་ཡིན་པས་སྤོབས་པ་སྐྱེ་ཡི་འདུག”ཅེས་ཟླ་བ་སྒྲོལ་མས་བཤད།

    དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་ཏང་གི་སྲིད་སྐྱོང་ནུས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ལ་ཞིབ་དཔྱད་དངོས་བྱས་པ་ཞིག་རེད། རང་བྱུང་གནོད་འཚེ་ཆེན་པོ་དེ་འདྲ་ཕོག་སྐབས་གལ་སྲིད་རྒྱལ་ཡོངས་གོང་འོག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་ལས་གཅིག་སྒྲིལ་བྱེད་པའི་སྟོབས་ཤུགས་ཆེན་པོ་མེད་ཚེ་ང་ཚོས་གྱོང་གུན་ཉུང་དུ་གཏོང་ག་ལ་ཐུབ་ཅེས་བཤད་པ་རེད།

    དེང་སྐབས་བོད་ཀྱིས་ངེས་པར་དུ་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་དེ་ཆབ་སྲིད་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། དུས་མཚུངས་བོད་ཀྱིས་རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་རྒྱུ་ནོར་མང་དུ་དང་དཔལ་འབྱོར་གྱི་དངོས་ཤུགས་ཆེ་རུ་བཏང་ཚེ་གཞི་ནས་གནོད་འཚེ་དང་ཉམས་ཉེན་སྣ་ཚོགས་འགོག་པའི་དངོས་ཤུགས་ལྡན་སྲིད་ལ་དཔལ་འབྱོར་དང་སྤྱི་ཚོགས་བདེ་བླག་ངང་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་ཀྱང་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།