དབུ་ཤོག>གསར་འགྱུར།
  • བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཆོང་སྐྱོད་ཀྱི་གཤོག་ཟུང་བསྒར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-30

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རླངས་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁུལ་ནས་ལྷ་ས་སྐྱིད་ཆུ་བརྒྱུད་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཕྲག་ཁ་ཤས་བསྐྱོད་ཚེ། “བོད་ཀྱི་རོང་གསུམ”ཞེས་གྲགས་པའི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་མཐོང་ཐུབ། མ་དངུལ་སྒོར་དུང་ཕྱུར་45.69བཏང་ནས་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་བསྐྲུན་པའི་ཆུ་ཤུགས་གློག་ཁང་ཆེ་གྲས་དེས་བོད་དུ་གློག་དཀོན་པའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད།

    ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པའི་མཚོན་ཚུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གློག་དྲ། རྫམ་གློག་ཁང་སོགས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབོར་ཆེན་ཞིག་སྔ་རྗེས་སུ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད་ཅིང་། ད་ཆ་གངས་ལྗོངས་ས་མཐོའི་འགྲིམ་འགྲུལ་དེ་བས་སྟབས་བདེ་བ་དང་། གློག་ཤུགས་མཁོ་འདོན་འདང་ངེས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཆོང་སྐྱོད་ཀྱི་གཤོག་ཟུང་བསྒར་བ་ལྟ་བུ་བྱུང་ཡོད།

    མིག་སྔར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་7ལྷག་ཙམ་ཟིན་པ་དང་། “གཞུང་གསུམ་དང་། འཕྲེད་གཉིས། ལམ་དྲུག”བཅས་སྒྲོམ་གཞིར་བྱས་པ་དང་། བོད་དབུས་དང་། བོད་ཤར། བོད་ནུབ་བཅས་དཔལ་འབྱོར་ཁུལ་གསུམ་ལ་ཁྱབ་པའི་གཞུང་ལམ་དྲ་བ་ཞིག་ཆགས་པ། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དེ་2014ལོའི་ཟླ་8པར་ཤར་གཏོང་ཐུབ་པ་ནས་ད་བར་འགྲུལ་པ་མི་ཐེངས་ཁྲི་60སྐྱེལ་འདྲེན་བྱས་པ། མཁའ་འགྲུལ་སྐྱེལ་འདྲེན་དྲ་བ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། བོད་ནས་འགྲོ་འོང་བྱེད་མཁན་གྱི་དུས་གཏན་གནམ་གྲུ་གཏོང་ཐེངས་གཟའ་འཁོར་རེར་300ལྷག་ཙམ་མང་དུ་བཏང་བ་སོགས་ཀྱིས“བོད་དུ་བསྐྱོད་དཀའ་བ”དེ་ལོ་རྒྱུས་སུ་གྱུར་ནས“མཁའ་དབྱིངས་ཀྱི་བོད་ལྗོངས”ད་ཆ་ས་ཐག་དེ་ཙམ་རིང་པོ་ཞིག་མིན་པར་གྱུར།

    བོད་ཀྱི་གློག་ཤུགས་མཁོ་འདོན་གཙོ་བོ་ཆུ་གློག་རེད། སྔོན་ཆད་དགུན་དཔྱིད་གཉིས་ཆུ་ཁ་བྲི་བའི་སྐབས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་གློག་དཀོན་པའི་སྣང་ཚུལ་མི་འདྲ་བ་ཐོན་གྱི་ཡོད།

    དུས་ཡུན་རིང་པོའི་ནང་བོད་དུ་གློག་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད་2010ལོའི་ཟླ་7པར་མཚོ་བོད་ཐད་རྒྱུག་སྤེལ་རྒྱུག་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། 2011ལོའི་ལོ་མཇུག་ཏུ་མཚོ་བོད་གློག་དྲའི་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་ནས་བོད་ཀྱི་གློག་དྲ་ཡུན་རིང་དྲ་རྐྱང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་དང་བཟོ་ཞིང་ལས་རིགས་ཀྱི་ཐོན་སྐྱེད་ཐད་སྤྱོད་པའི་གློག་གི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    མཚོ་བོད་དྲ་སྦྲེལ་ལས་གྲྭ་ཕུད་ཁྱོན་མ་དངུལ་སྒོར་དུང་ཕྱུར་45.69བཏང་བའི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་དེ་ཡང་ན་ནིང་གློག་གཏོང་འགོ་ཚུགས་ཤིང་། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5.99ཟིན་ནས་ལྷ་སར་གློག་ཁ་ཐང་བའི་རྣམ་པ་ཞི་ལྷོད་དུ་ཕྱིན་ཡོད། གཞན་ཡང་ཡར་ཀླུང་གཙང་པོའི་གློག་ཁང་དང་པོ་ཡིན་པའི་རྫམ་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་གློག་ཤུགས་ཆེ་བའི་དུས་རབས་ཀྱི་སྒོ་མོ་ཕྱེ་བ་མཚོན་ཡོད།

    འགྲིམ་འགྲུལ་དང་ནུས་རྒྱུའི་རྣམ་གྲངས་འབོར་ཆེན་ཞིག་རྩིས་སྤྲད་དེ་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐུབ་ཡོད་ཅིང་། 2014ལོར་བོད་ཡོངས་ཀྱི་GDPསྒོར་དུང་ཕྱུར་920ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་12%འཕར་ནས། ལོ་21བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། བོད་ཀྱི་དཔལ་འབྱོར་དེ“གཞན་བརྟེན”རྣམ་པ་ནས“རང་བརྟེན”རྣམ་པར་རིམ་བཞིན་བསྒྱུར་ནས་དཔལ་འབྱོར་འཕར་ཚད་མྱུར་བ་དང་ཕན་འབྲས་ལེགས་སུ་ཕྱིན་ཡོད། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22026ཟིན་ནས་8%འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7471ཟིན་པ་དང་14%འཕར་ནས་ལོ་12བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།