ཁྲེང་ཀོན་ཆུས་རབ་གསལ་སྡེ་ཁུལ་དུ་ལས་དོན་མི་སྣ་ཞིག་ལ་ལས་རོགས་དང་གྲོང་མི་ཚོས་གདེང་འཇོག་བཟང་པོ་བྱེད་པ་དང་། སྡེ་ཁུལ་གཞུང་དོན་ཁང་ནས་ཁོང་མཐོང་སྐབས་ཁོང་ཡིག་ཆ་ལེགས་སྒྲིག་བྱེད་བཞིན་འདུག
ཁོང་ལ་པད་མ་ཀུན་བཟང་ཞེས་འབོད་པ་དང་1997ལོ་ནས་ད་བར་སྡེ་ཁུལ་གྱི་ལས་ལ་གཞོལ།
བཅར་འདྲི་བྱེད་རིང་གྲོང་མིས་ཁོང་ལ“རེ་འདུན་ཞུ་ཡིག་ཅིག་འབྲི་རོགས་གནང་དང་། ཁྱིམ་གྱི་ཆུ་མདོང་བཟོ་རོགས་གནང་དང་། ཁྱིམ་གྱི་གློག་སྐུད་བཟོ་རོགས་གནང་དང”ཞེས་ཡང་ཡང་འབོད་པར་ཡོང་ནས་འཁྱུག་ཙམ་ཞིག་ནང་གཞུང་དོན་ཁང་དུ་རུ་ཆུང་ཞིག་བསྒྲིགས།
པད་མ་ཀུན་བཟང་ཆུ་གློག་ཉམས་གསོའི་ལས་ལ་སྤྲོ་ཞིང་། ལོ་གསུམ་གོང་ཁོང་གིས་ཆུ་གློག་ཤེས་བྱ་རང་སྦྱོང་བྱས་ནས་ཁྱིམ་སྤྱོད་གློག་ཆས་ཉམས་གསོའི་ཐོབ་ཐང་ལག་ཁྱེར་ཐོབ། ཁྱིམ་གློག་ཉམས་གསོའི་འཇོན་ཐང་ཡོད་པས་ཁོང་གིས་གྲོང་མི་ཚོར་དུས་ཐོག་ཏུ་དཀའ་ངལ་སེལ་རོགས་བྱས་ཁར། ཁོང་ཚོའི་དངུལ་གྲོན་ཆུང་བྱེད་ཀྱི་ཡོད། ན་ནིང་གྲོང་མིའི་སྒོ་རའི་ནང་དུད་ཚང་རེར་ཆུ་ཚོད་རེའི་ལམ་ལུགས་སྤེལ་ཚུན་ཁོང་གིས་རིན་མེད་ངང་ཁོངས་གཏོགས་ཁུལ་གྱི་གྲོང་མི་200ལྷག་ཙམ་ལ་གློག་སྐུད་གནད་དོན་ཐག་གཅོད་བྱེད་རོགས་བྱས།
སྐབས་ཤིག་རིང་ཁོངས་གཏོགས་ཁུལ་གྱི་ཀླུ་སྒུག་སྲང་ལམ་དང་པོའི་སྦྲག་ཁང་སྒོ་རའི་ནང་གི་གྲོང་མི་བཀྲ་ཤིས་དབང་མོའི་ཁྱིམ་གྱི་གློག་སྐུད་ཚིག་ནས་གློག་ཆས་མང་པོ་ཞིག་འཕྲོ་བརླག་ཕྱིན་ཏེ་ཉིན་གཉིས་བསྟུད་མར་གློག་ཆད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་པད་མ་ཀུན་བཟང་གིས་འཕྲལ་དུ་སྡེ་ཁུལ་གྱི་དྲ་རྒྱའི་ལས་དོན་མི་སྣ་དང་མཉམ་དུ་བཀྲ་ཤིས་དབང་མོའི་ཁྱིམ་དུ་ཡོང་སྟེ་དུས་ཐོག་ཏུ་གློག་སྐུད་བརྗེས་ནས་ཁོ་མོའི་ཁྱིམ་དུ་གློག་སྤྱོད་ཐུབ་པ་བྱུང་། བཀྲ་ཤིས་དབང་མོའི་ཁྱིམ་དང་འདྲ་བའི་གནས་ཚུལ་དེ་རིགས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་སྒོ་རའི་ནང་རྟག་ཏུ་ཐོན་པ་དང་གྲོང་མིར་གློག་གི་གནད་དོན་འཕྲད་པ་ཤེས་ཚེ་པད་མ་ཀུན་བཟང་གིས་ལམ་སེང་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།
བཀྲ་ཤིས་དབང་མོས་དགའ་སྤྲོའི་ངང“ང་ཚོ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཆུ་གློག་གི་གནད་དོན་འཕྲད་རིམ་བཞིན་པད་པ་ཀུན་བཟང་གིས་ཉམས་གསོ་བྱེད་རོགས་བྱས་པ་དང་། སྐབས་འགར་རང་ཉིད་ཀྱིས་དངུལ་བཏོན་ནས་ལྷུ་ལག་ཉོ་གི་ཡོད་པས་དངོས་འབྲེལ་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།