དབུ་ཤོག>གསར་འགྱུར།
  • དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སློབ་སྦྱོང་གི་ཚ་རླབས་ཤིག་གང་མྱུར་འཕྱུར་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-28

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ནི་ཏང་ཡོངས་ཀྱི་གོང་འོག་དང་རྒྱལ་ཡོངས་ཀྱི་གོང་འོག་ཏུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྤྱོར་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་གཉིས་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་འགོད་པའི་འགག་རྩའི་དུས་སྐབས་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་མཚམས་དེར་འཚོགས་པའི་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོཌ་འདུ་ཐེངས་དྲུག་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དྲིལ་བསྒྲགས་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་གཞི་རྩའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱིར་དྲན་དང་། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཟོས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བཅས་བྱས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཚོར་སྐུལ་མ་ཐེབས་ནས་དེ་བས་དྲོ་སྐྱིད་ཆེན་པོ་ཚོར་བ་དང་། དེ་བས་སྙིང་སྟོབས་ཆེར་སྐྱེད། དེ་བས་སྐུལ་ལྕག་ཆེན་པོ་ཐེབས་པ་བཅས་བྱུང་ཡོད། ང་ཚོས་ཚོགས་འདུའི་གལ་ཆེའི་དགོངས་དོན་ལ་ངོས་འཛིན་གང་ལེགས་བྱས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་གང་མྱུར་འཕྱུར་བ་དང་བསམ་བློ་དང་བྱ་སྤྱོད་དེ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་བ་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་དང་ཏན་ཏིག་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དམིགས་སར་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱེད་དགོས།

    ཚོགས་འདུའི་དགོངས་དོན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པར་ངེས་པར་དུ་བོད་ཀྱི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད། བོད་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། བོད་ཀྱི་ཁྱོན་ཡོངས་འབྱོར་འབྲིང་དེ་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འབྱོར་འབྲིང་དང་འབྲེལ་བ་ཡོད་ལ་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་དེ་རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གིས་སྔ་མོ་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་པ་རེད། རང་རེའི་ཏང་གིས་བོད་དུ་ལོ་60ལྷག་ཙམ་དཀའ་སྤྱད་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་ཏང་གི་བོད་སྐྱོང་འཐབ་ཇུས་ཆགས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་ཡོད་པས་བོད་ཀྱི་ལས་དོན་ལ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དེས་བོད་ཀྱི་མིག་སྔའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཡོད་ལ་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཐབ་ཇུས་བཀོད་ཐབས་ཁ་གསལ་བཟོས་ཡོད་པས་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་དེས་བོད་ཀྱི་ལས་དོན་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡང་དག་པའི་ཁ་ཕྱོགས་དང་འོད་ཟེར་སྟོང་ལྡན་མདུན་ལྗོངས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ངེས་ཡིན།

    ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་གང་མྱུར་འཕྱུར་བར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཚན་རིག་གི་ནང་དོན་དང་དགོངས་དོན་གྱི་སྙིང་པོ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁ་གསལ་བཏོན་པ། བོད་ཀྱི་དུས་བབ་དང་ལས་འགན་ལ་ཆོད་གཏམ་གསར་པ་བཏོན་པ། རང་རེའི་ཏང་གི་མཐའ་མཚམས་སྐྱོང་བར་བོད་བརྟན་ལྷིང་ཡོང་བ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ། ཏང་གི་བོད་སྐྱོང་འཐབ་ཇུས་ཀྱི་ཡུལ་ཁམས་གསར་པ་བཏོད་པ། བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་འཐབ་ལམ་གསར་པ་འགོ་ཚུགས་པ། བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གསར་པ་བྱས་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་བླང་བྱ་གསར་པ་བཏོན་ཡོད་ལ་མངོན་གསལ་གྱི་དུས་རབས་རང་བཞིན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་རང་བཞིན། འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན། ཏན་ཏིག་གི་དམིགས་སའི་རང་བཞིན་བཅས་ལྡན་པ་དེ་ནི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་དང་གཞི་རྩའི་བསྲུང་བྱ་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་དང་འགྲོ་ལམ་གསལ་སྟོན་བྱས་ཡོད་ལ་གཞི་རྩའི་བསྲུང་བྱ་དང་སྒུལ་ཤུགས་ཆེན་པོའང་མཁོ་འདོན་བྱས་ཡོད།

    ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་རག་ལས་སའི་རྒྱུ་རྐྱེན་ཡིན། འཆར་གཞི་བཀོད་ཟིན་པའི་འགག་རྩ་དེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དང་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ལ་བལྟ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། རང་འགུལ་གྱི་འདུ་ཤེས། གཙོ་གཟུགས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་སྟེ་འགན་ཁུར་མི་སྣ་དང་པོའི་ལས་འགན་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པ། ཚོགས་འདུའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ། ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་གསར་པ། དམངས་འཚོ་ལེགས་གཏོང་གི་རྣམ་པ་གསར་པ། སྣོད་བཅུད་བཟང་བའི་རྣམ་པ་གསར་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་པ། མཐའ་སྲུང་སྲ་བརྟན་གྱི་རྣམ་པ་གསར་པ་བཅས་རྒྱུན་ཆད་མེད་པར་དུ་གཏོད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།