དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་56འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན་གྱི་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བསམ་གྲུབ་ཚེ་རིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ལོ་50ཡི་རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་0.75ནས་2014ལོའི་སྒོར་དུང་ཕྱུར་146.4བར་མང་དུ་ཕྱིན་ནས། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ཚེ། ལྡབ་56འཕར་བ་དང་ལོའི་ཆ་སྙོམས་འཕར་ཚད་8.6%ཡིན་པ་རེད།

    བསམ་གྲུབ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་1965ལོའི་སྒོར་ཁྲི་117ནས་2014ལོའི་སྒོར་དུང་ཕྱུར་115.86བར་འཕར་བ་དང་། འཕར་ཚད་ལྡབ་9902ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་20.7%ཡིན། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རགས་ཙམ་ཆགས་ནས། གཞིས་རྩེའི་གནམ་གྲུ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ། རྫོང(ཆུས)18དུ་སྣུམ་ནག་ལམ་བཏིང་བ། ཤང་གྲོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.5ཙམ་ཟིན་ཡོད། ཕྱོགས་བསྡུས་ནུས་རྒྱུའི་མ་ལག་མགྱོགས་མྱུར་བསྐྲུན་པ། ཤང་ཚང་མར་འོད་སྐུད་ཁྲིད་པ། ཞིང་འབྲོག་དུད་ཚང་ཁྲི་12ཀྱི་མང་ཚོགས་ཁྲི་67བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་པར་སྤོས་པ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་ནས། སྣོད་བཅུད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    ལོ་50ཡི་རིང་གཞིས་རྩེའི་སྤྱི་ཚོགས་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས། འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་རིམ་གྱིས་བཙུགས་ཏེ། རིགས་ཁག་གི་སློབ་གསོའི་སྒྲིག་གཞི་397ཡོད་པ་རེད། ཚན་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཕྱིན་པ། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་བཅས་རེད། མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ནས། 2014ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6717ཟིན་པ་དེ། 1965ལོའི་ལྡབ་83དང་། ལོའི་ཆ་སྙོམས་འཕར་ཚད་9.4%ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།