དབུ་ཤོག>གསར་འགྱུར།
  • འགན་བཅོལ་ལས་སྒོ་ས་མཐོར་ཁྱབ། དམངས་ལ་ཕན་པ་ཆེན་པོ་ཐོབ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-26

    — 2011ལོ་ནས་2014ལོ་བར་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་འགན་བཅོལ་འགན་སྲུང་སྒོར་དུང་ཕྱུར་29367.99མཁོ་འདོན་བྱས་པ་དང་།

    — 2011ལོ་ནས་2014ལོ་བར་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེ་སྣ་ཚོགས་དང་བསམ་ཡུལ་ལས་འདས་པའི་ལས་འཛོལ་ལ་སྒོར་དུང་ཕྱུར་19.06གསབ་པ།

    — 2015ལོར་རང་ལྗོངས་ཀྱི་ཞིང་ལས་འགན་བཅོལ་ས་ཁོངས་ཡོངས་ལ་ཁྱབ་པ་དང་། འགན་འཁྲི་ཡོངས་ལ་ཁྱབ་པ། འགན་བཅོལ་རིགས་ཁག་ཡོངས་ལ་ཁྱབ་པ་བཅས་མངོན་འགྱུར་བྱུང་ཡོད་པ་རེད།

    རྨང་གཞི་བཏིང་བས་བོད་ཀྱི་ཁྱད་ལྡན་ས་ཁོངས་འགན་བཅོལ་ཁྲོམ་ར་རགས་ཙམ་ཆགས་པ།

    རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ལས་རིགས་འཕེལ་རྒྱས་ལ་གཞི་བཙུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཧུར་ཐག་ཞུ་བའི་ཐད་གཞི་འཛུགས་ས་གནད་ལ་འཁེལ་བ་འཚོལ་བ་དང་། སྤྱི་ཚོགས་འགན་སྲུང་གི་ནུས་པ་དང་སྤྱི་ཚོགས་དོ་དམ་ལ་ཞུགས་པའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་དང་གཏོང་མུས་ཡིན་པ་རེད།

    2014ལོར་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་དེ་སྔའི་འགན་བཅོལ་འགྲོ་གྲོན་ཡོང་འབབ་སྒོར་དུང་ཕྱུར་12.76མངོན་འགྱུར་བྱས་པ་དེ་དུས་མཚུངས་ལས་11.59%འཕར་བ་དང་། 2011ལོ་ནས་2014ལོ་བར་ལོ་རེར་ཆ་སྙོམས་འཕར་ཚད་26.8%ཟིན་པ་དེ་རང་ལྗོངས་ཀྱི་GDPའཕར་ཚད་ལས་ཧ་ཅང་མགྱོགས་པ་དང་། ད་ཕན་ལོ་ལྔའི་རིང་གི་གནས་ཚུལ་དང་བསྡུར་ན་ལྗོངས་ཡོངས་ཀྱི་འགན་བཅོལ་ཁྱབ་ཚད་མི་རེར་སྒོར་26.98ཟིན་པ་ནས་སྒོར་371.1བར་འཕར་ནས་འགན་བཅོལ་བྱེད་ཚད་0.63%ནས་1.39%བར་འཕར་བ། འགན་བཅོལ་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་བཅོལ་འགྲོ་གྲོན་མགྱོགས་མྱུར་འཕར་བའི་རྨང་གཞིའི་ཐོག་འགན་བཅོལ་གྱི་དཔལ་འབྱོར་ཁ་གསབ་དང་། མ་དངུལ་རྒྱུན་འཁོར། སྤྱི་ཚོགས་དོ་དམ་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ནས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་འགན་ལེན་ལ་ནུས་པ་གལ་ཆེན་བཏོན་ཡོད།

    དམངས་འཚོར་ཕན་པ་བཏཌ་པས་རང་ལྗོངས་འདི་ཉིད་ཚོང་ལས་འགན་བཅོལ་མི་ཚོགས་ཡོངས་ལ་ཁྱབ་པ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་འགན་བཅོལ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། བོད་ཀྱི་དོན་དངོས་དང་འཚམ་ཁར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། ཞིང་འབྲོག་པ་བཅས་ལ་ཁྱབ་པའི་ནད་ཆེན་ཁ་གསབ་སྨན་བཅོས་འགན་བཅོལ་མ་ལག་རིམ་བཞིན་བཙུགས་པ། བོད་ཀྱི་ཐེམ་ཁོངས་མི་སྣ་ཡོངས་དང་བོད་སྐྱོར་ལས་བྱེད་པར་ཁྱབ་པའི་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ་གྱི་མ་ལག་བཙུགས་པ། ལྗོངས་ཡོངས་ལ་ཁྱབ་པའི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་མ་ལག་བཙུགས་སྟབས། རང་ལྗོངས་འདི་ཉིད་མི་ཚང་མས་ཚོང་ལས་འགན་བཅོལ་འགན་སྲུང་ལོངས་སུ་སྤྱོད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་པོར་གྱུར་པ་རེད།

    དེའི་ནང“ཞིང་གསུམ”འགན་བཅོལ་གྱི་ཚད་གཞི་མཐོ་རུ་དང་གཞི་ཁྱོན་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་ལོ་7རིང་གསབ་དངུལ་སྤྲོད་ཚད་སྒོར་དུང་ཕྱུར་7ལས་བརྒལ་ཡོད་པ་རེད། 2015ལོར་རང་ལྗོངས་ཀྱི་ཞིང་ལས་འགན་བཅོལ་ས་ཁོངས་ཡོངས་ལ་ཁྱབ་པ་དང་། འགན་འཁྲི་ཡོངས་ལ་ཁྱབ་པ། འགན་བཅོལ་རིགས་ཁག་ཡོངས་ལ་ཁྱབ་ཅིང་། ཁ་གསབ་སྨན་བཅོས་འགན་བཅོལ་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཡང་དུ་ཕྱིན་ནས་བོད་ཀྱི་ཐེམ་ཁོངས་མི་སྣ་ཚང་མས་འགན་བཅོལ་དངུལ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པའི་འོག སྒོར་ཁྲི་7ནས་ཁྲི་22བར་གྱི་འགན་བཅོལ་འགན་སྲུང་ལོངས་སྤྱོད་ཐུབ་ཀྱི་ཡོད། 2014ལོར་འགན་བཅོལ་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་5203ཟིན་པ་དེ་མི་ཚོགས་ཁྲི་277ལ་ཁྱབ་པ་དང་འགན་བཅོལ་འགན་སྲུང་སྒོར་དུང་ཕྱུར་2400མཁོ་འདོན་བྱས་ཤིང་། བསམ་ཡུལ་ལས་འདས་པའི་འགན་བཅོལ་གྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དེར། རང་སྐྱོང་ལྗོངས་རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་བཏང་ཐོག་ཐེམ་ཐོ་བོད་ཁོངས་ཀྱི་མི་སྣ་དང་བོད་དུ་ལས་ཀ་བྱེད་མཁན་ལ་ཉུང་མཐར་ཡང་། སྒོར་ཁྲི་6ཟིན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་སྲུང་སྤྲད་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་འགན་སྲུང་བྱེད་པ། ཁྱབ་ཚད་མི་གྲངས་ཁྲི་305.6ཟིན་པ། ཉེན་ཁའི་འགན་བཅོལ་འགན་སྲུང་མཁོ་འདོན་བྱེད་ཚད་སྒོར་དུང་ཕྱུར་3000ལས་བརྒལ་བ་ཡོད་པ་རེད།

    འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞུང་དྲང་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་བཏོད་པ།

    2012ལོར་བོད་ལྗོངས་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་འགན་བཅོལ་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞུང་དྲང་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ཧུར་ཐག་གཏོད་ཆེད། ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གཏོགས་ཁོངས་ཀྱི་འགན་བཅོལ་སྒྲིག་གཞིའི་གྲོན་ཚད་གསབ་དངུལ་གྱི་ལོ་རྒྱུས་འབྱུང་རྩ་དང་། སྲིད་ཇུས་ཀྱི་གཞི་འཛིན་ས། དངོས་སུ་ལག་ལེན་བསྟར་ཚུལ་བཅས་ལ་ཁྱོན་ཡོངས་ནས་བརྟག་ཞིབ་བྱས་པ་མ་ཟད། ཆེད་དོན་སྙན་ཞུ་བྲིས་ནས་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་སྤྲད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་དོན་ཐོག་ནས་མོས་མཐུན་གནང་རྗེས། ནོར་སྲིད་པུས་ཡིག་ཆ་བཏོན་ནས་བོད་ཀྱི་རྒྱུ་ནོར་འགན་བཅོལ་སྒྲིག་གཞི་ཚང་མར་ཁ་གསབ་སྲིད་ཇུས་གཅིག་མཚུངས་ལག་ལེན་བསྟར་བ་རེད།

    མིག་སྔའི་བར་རང་ལྗོངས་ལ་ཁྱོན་རྒྱུ་ནོར་འགན་བཅོལ་ཀུང་སི་5དང་། ཚེ་སྲོག་འགན་བཅོལ་ཀུང་སི་2 འགན་བཅོལ་ཡན་ལག་སྒྲིག་གཞི་48 འགན་བཅོལ་ཆེད་ལས་ཀྱི་མཚམས་སྦྱོར་སྒྲིག་གཞི་8 འགན་བཅོལ་ཚབ་གཉེར་སྒྲིག་གཞི་212བཅས་ཡོད་པ་2010ལོའི་ལོ་མཇུག་དང་བསྡུར་ན་ལྡབ་གཅིག་ཡན་འཕར་ཅིང་། རང་ལྗོངས་ཀྱི་རྒྱུ་ནོར་འགན་བཅོལ་ཁྲིམས་མིའི་སྒྲིག་གཞི་དང་ཚེ་སྲོག་འགན་བཅོལ་ཁྲིམས་མིའི་སྒྲིག་གཞི་གྲབས་འཛུགས་བྱེད་བཞིན་ཡོད་ལ། གཞུང་དྲང་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    གཙོ་གནད་དམ་འཛིན་བྱས་ནས་རང་ལྗོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཁག་བདེ་བླག་ངང་བསྐྲུན་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ།

    “ལོ་ལྔ་ཚན་བཅུ་གཅིག་པ”དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཨར་ལས་ཀྱི་ཁེ་ལས་མང་ཆེ་བ་ནང་སའི་བཟོ་སྐྲུན་ཚན་པ་ཡིན་པས་བོད་དུ་ཨར་ལས་ཀྱི་ཉམས་མྱོང་མེད་པའི་ཁར་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཆགས་ཚུལ་དང་། ས་བབ། གནམ་གཤིས། ཁོར་ཡུག་སོགས་ཀྱིས་རྐྱེན་ཨར་ལས་ལས་འཛོལ་ཡང་ཡང་ཐོན་གྱི་ཡོད་པ་རེད།

    ལོ་10རིང་འགན་བཅོལ་ལས་རིགས་ཀྱིས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་600ལྷག་ཙམ་འགན་གཙང་བླངས་པར་རྒྱལ་ལམ་དང་། མཐའ་སྲུང་གཞུང་ལམ། ཆུ་བེད་ཆུ་གློག ལྕགས་ལམ་འཛུགས་སྐྲུན། གནམ་ཐང་རྒྱས་སྐྲུན་སོགས་རྒྱལ་ཁབ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱི་གཙོ་ཆེའི་འཛུགས་སྐྲུན་རྣམ་གྲངས་འགན་གཙང་བླངས་པའི་བསྡུར་ཚད་95%ཡན་ཟིན་པ་དང་། ཉེན་ཁའི་འགན་འཁྲི་འཁུར་ཚད་སྒོར་དུང་ཕྱུར་360ཟིན་པ། རིམ་རྩིས་བརྒྱབ་ན་གསབ་དངུལ་སྒོར་དུང་ཕྱུར་1ཙམ་སྤྲད་པ་བཅས་རེད། འགན་བཅོལ་ལས་རིགས་ཀྱིས“ཞིང་གསུམ”འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་སྐུལ་འདེད་གཏོང་བ། གཙོ་ཆེའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་འགན་ལེན། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་རོགས་སྐྱོབ་གནོན་ཤུགས་ཆུང་དུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2011ནས་2014ལོའི་བར་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ལ་ཉེན་ཁའི་འགན་སྲུང་སྒོར་དུང་ཕྱུར་29367.99མཁོ་འདོན་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་9.78ཡིན་པ་རེད།

    འདི་ལོའི་ཟླ་བཞི་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དེང་རབས་འགན་བཅོལ་ཞབས་ཞུ་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའི་ལག་བསྟར་བསམ་འཆར》བཏོན་པ་འདི་ནི། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགན་བཅོལ་ཆེད་དོན་སྲིད་ཇུས་ཐོག་མར་བཏོན་པ་ཞིག་རེད། རང་སྐྱོང་ལྗོངས་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རང་ལྗོངས་འགན་བཅོལ་ལས་རིགས་ཀྱིས་དམངས་འཚོ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་དོ་དམ་ལམ་སྲོལ་གསར་གཏོད། དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་ཁྱོན་ཡོངས་འགན་སྲུང་དང་། བདེ་འཇགས་གཟབ་ནན། ཡིད་རྟོན་ཚད་ལྡན། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མི་དམངས་མང་ཚོགས་ཚོའི་དགོས་མཁོ་དང་འཚམ་པ་བཅས་ཀྱི་དེང་རབས་འགན་བཅོལ་ལས་རིགས་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།