དབུ་ཤོག>གསར་འགྱུར།
  • གྲོང་ཁྱེར་གྱི་ལོང་ལམ་སྤྱི་ཚོགས་ཀྱི་ལོང་གནས་སུ་མི་འགྱུར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-25

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་སྲོལ་ཡིག》འགྲེམས་སྤེལ་ལག་བསྟར་བྱས་ནས་ལོ་3འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། འབྲེལ་ཡོད་འགན་འཁུར་བས་རང་རྒྱལ་གྱི་འགོག་རྐྱེན་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེ་ཙམ་བྱུང་ཡོད་ཀྱང་། ཁྱབ་ཁྱོན་ཆེན་པོ་མེད་པ་དང་ནུས་པ་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ལྷག་ཡོད་པ་དཔེར་ན། གྲོང་ཁྱེར་གྱི་ལོང་ལམ་འཛུགས་སྐྲུན་རྗེས་ལུས་ཡིན་པ་དང་། དོ་དམ་དང་སྲུང་སྐྱོང་གནས་ལ་མི་འཁེལ་བ། ཡང་ན་ཤར་གཏོང་མི་ཐུབ་པའམ་ཡང་ན་ཡོད་རུང་བེད་སྤྱོད་མི་ཐུབ་པ་བཅས་་མི་རྣམས་སེམས་ཁྲལ་སྐྱེ་འོས་པ་ཞིག་ཡོད།

    ལོང་ལམ་དང་དེ་བཞིན་འགོག་རྐྱེན་མེད་པའི་སྒྲིག་བཀོད་ནི་དབང་སྐྱོན་དང་ཤེས་སྒྲིབ་མི་སྣ་སྤྱི་ཚོགས་ལ་ཞུགས་པ་དང་འཚོ་བ་ལོངས་སྤྱོད་བྱེད་པའི་དགོས་ངེས་ཀྱི་འགན་སྲུང་ཡིན་ལ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞིའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།

    འོན་ཀྱང་འཕེལ་རྒྱས་ཀྱི་རྐྱེན་པས་རང་རྒྱལ་གྱི་གྲོང་ཁྱེར་མང་དག་ཅིག་གི་འགོག་རྐྱེན་མེད་པའི་སྒྲིག་བཀོད་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་བསྡུར་ན་སྔར་བཞིན་ཧེ་བག་ཆེན་པོ་འཛོལ་ཡོད། གྲོང་ཁྱེར་མང་ཆེ་བར་བསྐྲུན་ཟིན་པའི་སྒྲིག་བཀོད་ལ་འགོག་རྐྱེན་མེད་པའི་སྒྱུར་བཀོད་བྱས་མེད་པ་དང་འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ཅུང་རྗེས་ལུས་རེད། གསར་དུ་སྐྲུན་པའི་འགོག་རྐྱེན་མེད་པའི་སྒྲིག་བཀོད་ཚད་ལྡན་མེད་པ་དང་བརྒྱུད་རིམ་ཅན་མེད་ཁར། ད་དུང་དོ་དམ་དང་སྲུང་སྐྱོང་མི་འདང་བས། བསྐྲུན་ཁག་པོ་ཡོད་པའི་འགོག་རྐྱེན་མེད་པའི་སྒྲིག་བཀོད་ཀྱིས་འདོན་དགོས་པའི་ནུས་པ་ཐོན་ཐུབ་ཀྱི་མེད། ཧྲན་ཤིས་ཐའེ་ཡོན་ཁྲོམ་གཞུང་ཞིག་ཏུ་ལོང་ལམ་སྨི་བརྒྱ་ཙམ་ལས་མེད་ཀྱང་། ཀྱོག་ལམ་30ཙམ་ཡོད། འགོག་རྐྱེན་མེད་པའི་ཐུར་ལམ་ཁྲོད་ཀྱོག་དགོས་སར་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་ལག་སྐྱོར་དུམ་བུ་གཅིག་ཆད་ཡོད་པས། དབང་སྐྱོན་དང་ཤེས་སྒྲིབ་མི་སྣར་འཇུ་ས་མེད་པ་མི་རྣམས་ཕངས་སེམས་སྐྱེ་འོས་པ་ཞིག་ཡོད། འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་བྱེད་པར་ད་དུང་སྤྱི་ཚགས་ཡོངས་ཀྱིས་འགོག་རྐྱེན་མེད་པའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད། 《འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་སྲོལ་ཡིག》ནང“ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་། ཁྲིམས་འགལ་ངང་འགོག་རྐྱེན་མེད་པའི་སྒྲིག་བཀོད་བཟུང་སྤྱོད་དང་། གཏོར་སྐྱོན་གཏོང་བའམ་ཡང་ན་གང་བྱུང་དུ་དེའི་སྤྱོད་ཡུལ་ལ་འགྱུར་ལྡོག་གཏོང་མི་ཆོག་ཅེས་གཏན་འབེབས་བྱས་ཡོད་རུང་། འགོག་རྐྱེན་མེད་པའི་འགྲོ་ལམ་དང་། འགོག་རྐྱེན་མེད་པའི་རླངས་འཁོར་འཇོག་ས་གང་བྱུང་དུ་བཟུང་སྤྱོད་བྱེད་པ། འགོག་རྐྱེན་མེད་པའི་གསང་སྤྱོད་ཀྱི་སྒོ་བརྒྱབ་པའམ་ཡང་ན་སྤྱོད་བདེ་པོ་མེད་པ། དབང་སྐྱོན་མི་སྣ་ཁྲི་8500ཡི“འགོག་རྐྱེན་མེད་པའི་འཚོ་བར”སྔར་བཞིན“འགོག་རྐྱེན་མང་པོ་བཟོ་བའི”གནས་ཚུལ་ཐོན་གྱི་ཡོད།

    ལོང་ལམ་དང་དེ་བཞིན་འགོག་རྐྱེན་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་པ་དེ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཞིབ་བཤེར་བྱེད་པ་ཞིག་ཡིན་ལ། གྲོང་ཁྱེར་ཞིག་གི་བཅོས་སྒྲིག་ནུས་པའང་མངོན་གྱི་ཡོད། “ལོང་ལམ”ཐག་གཅོད་བྱེད་པ་དེ“ལོང་གནས”སུ་མི་འགྱུར་བར་ང་ཚོ་སྤྱི་ཚོགས་ཡོངས་ཀྱིས་འབད་བརྩོན་བྱེད་དགོས་པ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས་པ། ཚད་ལྡན་ཡོང་རྒྱུར་ཚད་གཞི་འཐུས་ཚང་དུ་གཏོང་དགོས་པ་བཅས་བྱས་ཏེ་བསྐྲུན་ཟིན་པའི་འགོག་རྐྱེན་མེད་པའི་སྒྲིག་བཀོད་ཀྱི་རྒྱུན་གཏན་ནུས་པ་ཐོན་པ་དང་། ལྷག་པར་དུ་སྤྱི་ཚོགས་ཡོངས་ཀྱིས་དབང་སྐྱོན་མི་སྣར་རོགས་སྐྱོར་བྱེད་པའི་འདུ་ཤེས་ཆེ་རུ་བཏང་སྟེ་དབང་སྐྱོན་མི་སྣར་དེ་བས་མང་བའི་སྟབས་བདེ་སྐྲུན་དགོས་ལ། ལྷག་པར་དུ་ཞིབ་ཆའི་ཁྲོད་ནས་བསམ་གཞིག་དང་། སེམས་ཁུར། འགན་ལེན་བཅས་བྱས་ནས་དབང་སྐྱོན་མི་སྣའི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་དྲ་བ་ཆེན་པོ་ཞིག་སྐྲུན་པ་དང་ང་ཚོའི་འཚོ་བ་དེ་བས་ཞི་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།