དབུ་ཤོག>གསར་འགྱུར།
  • “འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱས་ནས་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-24

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས“རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱེད་དགོས”ཞེས་བཏོན་ནས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཐབ་ཇུས་ཁ་ཕྱོགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་རྒོལ་དམིགས་ཚད་བཅས་གཏན་འཁེལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད།

    “འགན་ལེན་བཞི”ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་ལས་དོན་གྱི་གྲུབ་འབྲས་ཁས་ལེན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་པས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུན་བརྟན་ལྷིང་བྱུང་བ་བཅས་རེད། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རྦད་དེ་ཡང་དག་པ་ཞིག་ཡིན་པ་དེ་རང་རྒྱལ་གྱི་གནས་ཚུལ་དང་། བོད་ཀྱི་དོན་དངོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་མཐུན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

    “འགན་ལེན་བཞིར”བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་དང་འཐབ་ཇུས་ཀྱི་བསམ་གཞིག་གནང་བ་གཅིག་ཏུ་བསྡུས་པ་དང་། དུས་བསྟུན་འཕེལ་རྒྱས་དང་གསར་འབྱེད་གསར་གཏོད་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་དགོངས་ཀྱི་གཤིས་རྒྱུད་མངོན་པ། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་བཅས་ཡིན་པ་དེ་ནི་དུས་བབ་གསར་པའི་འོག་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་བཀོད་སྒྲིག་གསར་པ་བྱས་པ་དང་། བླང་བྱ་གསར་པ་བཏོན་པ། བྱེད་ཐབས་གསར་པ་བཏོན་པ་བཅས་རེད། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས“འགན་ལེན་བཞི”མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པར་ངེས་པར་དུ“འགན་ལེན་བཞི”རང་ལྗོངས་ལ་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་གནད་འཁེལ་སྟངས་འཛིན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ། འཇུག་གཞི་དང་ཤུགས་རྒྱག་གཞི་གནད་ལ་འཁེལ་བའི་སྒོ་ནས་འཚོལ་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་སྟབས་བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ང་ཚོས་བོད་ཀྱི་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལ་མཐའ་གཅིག་ཏུ་གཞིགས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཏན་ཏིག་ངང་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས།

    “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་ནས་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་ར་སྐྱེད་སྲིང་གི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་ངོས་འཕར་བའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་སྟབས་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྔར་བཞིན་ཞན་ཙམ་ཡོད་པས་གལ་སྲིད་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་དཀའ། “སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱེད་པར་རང་བྱུང་ལ་སྲུང་བརྩི་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་འཛུགས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་འཇུག་འཐུས་ནན་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་དོན་འཁྱོལ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མིག་འབྲས་ལ་གཅེས་འཛིན་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་པ་བཅས་བྱས་ཏེ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”དེ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་འབད་བརྩོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།