དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་སྤྱིའི་འཁོར་རྒྱུག་བརྟན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-24

    2015ལོའི་ལོ་སྟོད་དུ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱིས་ཀྲུང་དབྱང་གི་གཞི་ཆེའི་སྟངས་འཛིན་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་ཏན་ཏིག རང་རྟོགས་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག གཙོ་གནད་ལས་རིགས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་བཅས་བྱས་པར་བརྟེན་དངུལ་ཁང་ལས་རིགས་ཀྱི་སྤྱིའི་འཁོར་རྒྱུག་བརྟན་པོ་བྱུང་ཡོད་པ་རེད།

    དངུལ་བཅོལ་གྲངས་འབོར་མུ་མཐུད་བརྟན་པོའི་ངང་འཕར་ནས་དངུལ་བུན་གཏོང་བའི་གྲངས་འབོར་མུ་མཐུད་མང་དུ་སོང་ཞིང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་3324.86ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་234.85ཟིན་ནས་7.60%འཕར་བ་དང་། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་1.66གིས་དམའ་བ་དང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་སྐྱི་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་1911.91ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་292.45མང་དུ་ཕྱིན་ནས་18.06%འཕར་བ་དང་། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་10.29ཡིས་མཐོ་བ། བཅོལ་གཡར་བསྡུར་ཚད་57.50%ཟིན་པ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་5.09མཐོ་རུ་སོང་ཡོད་པ་རེད།

    མ་དངུལ་བརྟན་པོའི་ངང་མང་དུ་ཕྱིན་པ་དང་ཁེ་སྤོགས་གཏོད་ནུས་ཆེ་རུ་ཕྱིན་ཞིང་། ལོ་སྟོད་དུ་བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་3573.49ཟིན་པ་དེ་ལོ་སྟོད་དང་བསྡུར་ན་སྒོར་དུང་ཕྱུར་262.28མང་དུ་ཕྱིན་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་18.95%འཕར་ཡོད། དངུལ་བུན་བཏང་བའི་གྲངས་འབོར་ཁྱོན་སྒོར་དུང་ཕྱུར་3466.20ཟིན་པ་དེ་ན་ནང་གི་ལོ་སྟོད་ལས་སྒོར་དུང་ཕྱུར་252.13མང་དུ་ཕྱིན་པ་དང་ན་ནིང་གི་དུས་མཚུངས་ལས་17.61%འཕར་ཡོད། ལོ་སྟོད་དུ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཁེ་སྤོགས་དུས་མཚུངས་ལས་108.98%འཕར་ཡོད་པ་རེད།

    དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་དངུལ་བུན་མང་དུ་ཕྲན་བུ་ཕྱིན་ནའང་། མ་དངུལ་གྱི་གྲངས་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོད་ཅིང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆག་འགྲོ་བའི་གནོན་ཤུགས་འོག་བོད་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་བུན་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་དངུལ་བུན་གྱི་ལྷག་གྲངས་མང་དུ་ཕྲན་བུ་ཕྱིན་ནའང་མ་དངུལ་གྱི་གྲངས་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་སྐྱི་དངུལ་ལྷག་གྲངས་དེ་ལོ་སྟོད་དང་བསྡུར་ན་སྒོར་དུང་ཕྱུར་0.67འཕར་ཡོད་མོད། འོན་ཀྱང་དུས་ཐོག་ཏུ་སྤྲོད་མི་ཐུབ་ཚད་དེ་ལོ་འགོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.03ཆག་ཡོད་པ་རེད།

    གཙོ་གནད་ལས་རིགས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ལོ་སྟོད་དུ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱིས་གཙོ་གནད་ལས་རིགས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ཟླ་བ་དང་པོ་ནས་ཟླ་བ་དྲུག་པའི་བར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། གློག་ཤུགས། གཏེར་ལས་སོགས་ལས་རིགས་ཆེ་གྲས་ལྔར་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་289.82བཏང་བ་དེས་ལོ་སྟོད་དུ་ལྗོངས་ཡོངས་སུ་དངུལ་བུན་གཏོང་འབོར་གྱི་43.85%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།