ཀླད་ཁྲག་ཐོན་ནད་ནི་ལོ་ན་དར་མ་ཡན་ཆད་ཀྱི་ཁྲག་ཤེད་མཐོ་བའི་ནད་ཡུན་རིང་པོར་ཕོག་མཁན་རྣམས་ལ་ཕོག་སླ་བའི་ནད་རིགས་ཤིག་རེད། ནད་དེ་ཕོག་རྗེས་སྨན་བཅོས་བྱས་ནས་དྲག་མཁན་ཧ་ཅང་ཉུང་ཉུང་ཡིན་པས། ནད་དེ་སྔོན་འགོག་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། མི་གང་དང་གང་ལ་ཀླད་ཁྲག་ཐོན་ནད་ཕོག་སླ་བ་རེད་ཟེར་ན། སྨན་བཅོས་དངོས་སུ་བྱས་པའི་ཉམས་མྱོང་ལས་ར་སྤྲོད་བྱུང་བར་གཞིགས་ན། གཅིག་ནི་ཀླད་ཁྲག་ཐོན་ནད་ཕོག་པའི་ནད་པའི་སྡོམ་གྲངས་ཀྱི་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ནི་དུས་ཡུན་རིང་པོར་ཁྲག་ཤེད་མཐོ་བའི་ནད་ཕོག་མྱོང་མཁན་ཡིན་པ་དང་། མི་དེ་ཚོ་ལ་ཀླད་ཁྲག་ཐོན་ནད་ཕོག་ཚད་ཅུང་མང་བ་ཡོད། དེའི་རྒྱུ་མཚན་ནི་ཁྲག་ཤེད་མཐོ་བའི་ནད་ཕོག་ན་འཕར་རྩ་སྲར་འགྱུར་ཇེ་མགྱོགས་སུ་འགྲོ་བ་དང་། འཚར་རྩ་སྲ་མོ་ཆགས་རྗེས། དེའི་ལྡེམ་ཤུགས་དང་མཉེན་ཚད་ཞན་དུ་སོང་བས་འཕར་རྩའི་ལྡེབས་ངོས་ཀྱི་ཆགས་ཚུལ་ལ་ཐོགས་འགག་བྱུང་ཞིང་། འཕར་རྩ་གས་སླ་ཞིང་ཁྲག་ཐོན་སླ་པོ་ཡོད་པ་དང་། ཁྲག་ཤེད་གློ་བུར་དུ་མཐོ་པོར་འགྱུར་བ་དེ་ནི་འཕར་རྩ་གས་རྒྱུའི་ཆ་རྐྱེན་གཙོ་བོ་ཞིག་རེད།
གཉིས་ནི་མི་རྒན་པ་རྣམས་ཕོག་མང་བ་ཡོད། སྨན་བཅོས་དངོས་སུ་བྱེད་སྐབས་ཀྱི་སྡོམ་རྩིས་ལ་གཞིགས་ན། ནད་དེ་ཕོག་པའི་མིའི་ནང་ལོ་དྲུག་ཅུ་རེ་དྲུག་ཡན་ཆད་ལོན་པའི་མི་མང་བ་དང་། ལོ་ལྔ་བཅུ་མན་ཆད་ནད་དེ་ཕོག་མཁན་བརྒྱ་ཆ་གཉིས་ནས་གསུམ་བར་ལས་མེད་ཅིང་། ལོ་དྲུག་ཅུ་ཡན་ཆད་ལོན་མཁན་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་བཟུང་ཡོད། དེའི་ཐོག་ནས་ཀླད་ཁྲག་ཐོན་ནད་དེ་མ་གཞི་རྒས་ནད་ཀྱི་གྲས་ཞིག་ཡིན་པ་མཚོན་ཡོད།
གསུམ་ནི་འཕར་རྩ་སྲ་གྱུར་གྱི་ནད་པའང་ལོ་ལྔ་བཅུ་ཡན་ཆད་ཀྱི་མི་མང་བ་ཡོད། འཕར་རྩ་སྲ་གྱུར་བྱུང་བའི་རྐྱེན་ཀྱིས་འཕར་རྩའི་ལྡེབས་ངོས་ཀྱི་ལྡེམ་ཤུགས་ཉམས་ཞན་དུ་གྱུར་ནས་ཁྲག་རྩ་སྲ་རེངས་དང་རྩུབ་པོ་ཆགས་པས། ཁྲག་རྒྱུན་རྒྱུག་འཁོར་ལ་ཐོགས་འགག་བཟོས་པར་བརྟེན། ཁྲག་རྩ་གས་སླ་པོ་ཡོད་པ་རེད། ཡིན་ནའང་གོང་གསལ་གྱི་གནས་ཚུལ་གསུམ་པོ་ཡོད་པའི་དབང་དུ་བཏང་ན་ཡང་། མི་ཧ་ཅང་ཉུང་ཉུང་ཞིག་ལ་མ་གཏོགས་མང་ཆེ་བ་ལ་ཀླད་ཁྲག་ཐོན་ནད་ཕོག་མི་སྲིད་པ་ནི་བཤད་ཅི་དགོས།
ཀླད་ཁྲག་ཐོན་ནད་ལ་སྔ་ལྟས་ཅི་ཡོད་ཟེར་ན། དུས་ཡུན་རིང་པོར་ཁྲག་ཤེད་མཐོ་བའི་ནད་ཕོག་ཡོད་ལ་སྨན་བཅོས་ཀྱང་མ་བྱས་པའི་ནད་པའམ་སྨན་བཅོས་ཡག་པོ་མ་བྱས་པས་ཁྲག་ཤེད་བརྟན་པོ་མེད་པའི་ནད་པ་ཕལ་ཆེ་བ་ལ། གློ་བུར་དུ་མགོ་གཟེར་བ་དང་།མགོ་ཡུར་འཁོར་བ། ཞེ་མེར་ལངས་བ་དང་སྐྱུག་པ་བཅས་དང་། སྐབས་སྐབས་སུ་ཁ་རོག་དོན་མེད་དུ་སེམས་འཚུབ་པའམ་ནམ་རྒྱུན་གྱི་གཤིས་རྒྱུད་ལ་འཕོ་འགྱུར་བྱུང་བ་དང་། ཡང་ན་སྐབས་རེ་ལ་དང་ཐོག་གཟུགས་པོའི་ངོས་གཅིག་གི་རྐང་ལག་སྦྲིད་པ་དང་ཤེད་ཤུགས་ཉམས་པའམ། ལོག་སྣང་ཤར་བ་སོགས་ཀྱི་སྔ་ལྟས་ཡོད་པ་རེད། དུས་དེ་ལ་གལ་སྲིད་ནད་པ་འཇམ་ཐིང་ཐིང་གི་ངང་ནས་ངལ་གསོ་མ་ཐུབ་པར་ཟུག་གཟེར་དྲག་པོ་ལངས་པ་དང་། སེམས་ལ་འཚབ་འཚུབ་ལངས་པ། ཡང་ན་སྐྱག་པ་བཏང་དུས་དབུགས་སྒོམ་དྲག་པ་སོགས་ཀྱིས་ཀླད་པའི་ཁྲག་ཤུགས་ཧབ་ཀྱིས་མཐོར་འགྲོ་བས་ན། ནད་དེ་ཕོག་རྒྱུའི་ཉེན་ཁ་ཡོད་པ་རེད།
ཀླད་ཁྲག་ཐོན་ནད་དེ་ཕོག་རྗེས་རྟག་པར་ཤུལ་ལུས་ནད་གཞི་ཡོད། དེར་བརྟེན། ཀླད་ཁྲག་ཐོན་ནད་སྔོན་འགོག་བྱེད་རྒྱུ་ནི་གལ་ཧ་ཅང་ཆེ་བ་རེད། ནད་རིགས་དེ་དག་སྔོན་འགོག་བྱེད་ཐབས་གཤམ་གསལ། གཅིག་ནི་དུས་རྒྱུན་ཚྭ་མང་པོ་ཟ་རྒྱུ་མེད་པ་དང་ཞག་ཚི་མེད་པའི་སྐྱ་ཟས་མང་ཙམ་ཟ་བ་དང་། གཉིས་ནི་གང་ཐུབ་ཅི་ཐུབ་ཀྱིས་སེམས་བདེ་ལྷོད་ཡོང་བ་བྱེད་དགོས་པ་དང་། གནད་དོན་ཅི་བྱུང་ཡང་ཁོང་ཁྲོ་ལངས་མི་ཉན། གསུམ་ནི་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲག་ཤེད་མཐོ་ཚད་འོས་ཤིང་འཚམ་པའི་ཐོག་གཏན་འཇགས་ཡོང་བ་བྱེད་དགོས། བཞི་ནི་རྟག་པར་ཀླད་ཁྲག་ཐོན་ནད་ཕོག་པའི་ཉེན་ཁའི་རྒྱུ་རྐྱེན་མེད་པ་བཟོ་རྒྱུ་ལ་དོ་སྣང་བྱེད་དགོས། དཔེར་ན་ཁྲག་ཤེད་གློ་བུར་དུ་མཐོར་འགྲོ་བའི་གནས་ཚུལ་སྔོན་འགོག་བྱེད་ཆེད། འཕར་རྩ་སྲ་མོར་གྱུར་བར་འགོག་པའི་སྨན་དུས་ཡུན་རིང་ཙམ་ཟ་དགོས་པ་དང་། སྔོན་ཡོད་ཀྱི་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཚིལ་མང་བའི་ནད་ཧུར་ཐག་གིས་སྨན་བཅོས་བྱེད་དགོས། ལྔ་ནི་ལུས་པོའི་ལྗིད་ཚད་འཚམས་པོ་ཡོང་བའི་ཚོད་འཛིན་བྱེད་རྒྱུ་དང་། རང་གཟུགས་ལ་འཕྲོད་པའི་ལུས་རྩལ་རྒྱུན་འཁྱོངས་བྱེད་དགོས། དཔེར་ན་འཆམ་འཆམ་དུ་འགྲོ་བ་དང་ཐའེ་ཅི་ཆོན་ལུས་རྩལ་སྦྱོང་བ་ལྟ་བུ་བྱེད་ཆོག དྲུག་ནི་ཐ་མག་མི་འཐེན་པ་དང་ཨ་རག་མང་པོ་འཐུང་མི་རུང་། གོང་དུ་བཤད་པའི་བྱ་ཐབས་དེ་དག་དུས་ཡུན་རིང་པོ་རྒྱུན་འཁྱོངས་དང་ལག་ལེན་བྱེད་རྒྱུ་ནི་གལ་ཆེ་བ་ཞིག་ཡིན་པ་དང་།དེ་འདྲ་བྱས་ན་གཞི་ནས་ཀླད་ཁྲག་ཐོན་ནད་སྔོན་འགོག་བྱེད་རྒྱུར་ཕན་ནུས་ཐོན་ཐུབ་བོ།