དབུ་ཤོག>གསར་འགྱུར།
  • རྟེན་རྫས་བཤམས་མཛོད་ཁང་དང་མང་ཚོགས་འབྲེལ་འདྲིས་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སུན་ཝུན་ཅོན།   |     སྤེལ་དུས།  2015-08-22

    རྟེན་རྫས་བཤམས་མཛོད་ཁང་ནི་ཆེས་ཐད་གཏོང་གི་རིག་གནས་འདྲེན་རྟེན་ཞིག་ཡིན་པའི་ངོས་ནས་ཤེས་དཔལ་རྒྱུན་འཛིན་དང་། བློ་སྒོ་འབྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཟབ་ཏུ་འགྲོ་བ་བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རྟེན་རྫས་བཤམས་མཛོད་ཁང་ནི་མི་རིགས་ཤིག་གི་ལོ་རྒྱུས་དྲན་ཤེས་ཡིན་ལ་མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོ་འགོད་ཀྱང་བྱས་ཡོད།

    དུས་རབས་འཕེལ་རྒྱས་འགྲོ་བ་དང་སྦྲགས། རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁྲི་དང་ནུས་པ་ལའང་ལེགས་སྒྲིག་དང་འགྱུར་ལྡོག་གཏོང་དགོས་ཀྱི་ཡོད། རྟེན་རྫས་བཤམས་མཛོད་ཁང་ནི་རིག་གནས་ཀྱི་རྒྱུན་འཛིན་བྱེད་ས་ཙམ་ཞིག་མིན་པར་འཚོ་བ་སྐྱེལ་སྟངས་ཀྱི་འདྲེན་རྟེན་ཞིག་ཏུ་དེ་བས་འགྱུར་བ་བྱེད་དགོས། ད་ཆ་རྒྱལ་ཡོངས་ས་ཆ་ཁག་གི་རྟེན་རྫས་བཤམས་མཛོད་ཁང་ཚང་མ་རིན་མེད་སྒོ་མོ་ཕྱེ་རྒྱུ་མངོན་འགྱུར་བྱུང་བ་ལས་རྟེན་རྫས་བཤམས་མཛོད་ཁང་ནི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་གཞི་གལ་ཆེན་ཞིག་དང་སྤྱི་དམངས་ཀྱི་གཞི་རྩའི་རིག་གནས་དགོས་མཁོ་སྐོང་ཡུལ་ཞིག་ཡིན་པའི་ར་སྤྲོད་ཐུབ་ཡོད་པས། རྟེན་རྫས་བཤམས་མཛོད་ཁང་དང་སྤྱི་དམངས་དབར་གྱི་བར་ཐག་སྔར་བས་ཐུང་དུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུ་དེ་བས་ལེགས་པའི་སྒོ་ནས་རིམ་སྤོར་བྱེད་དགོས།

    དང་པོ། དེང་རབས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་པའི་ཞབས་ཞུའི་འདུ་ཤེས་འཛུགས་དགོས་ཤིང་། རྟེན་རྫས་བཤམས་མཛོད་ཁང་གི་རིན་ཐང་ནི་དེར་ཉར་ཚགས་དང་འགྲེམས་སྟོན་བྱེད་པ་ཙམ་མ་ཟད། དེ་བས་སྤྱི་དམངས་དེའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་དམངས་རྣམས་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་པའི་གོ་སྐབས་མང་དུ་གཏོང་དགོས་པ་དེ་རེད། རྟེན་རྫས་བཤམས་མཛོད་ཁང་ཡིན་པའི་ངོས་ནས་འགྲེམས་སྟོན་སྒྲིག་གཤོམ་བྱ་རྒྱུ་དེ་རྟག་ཏུ་འགྱུར་ལྡོག་གཏོང་མི་སྲིད་པས་དེས་ན་ལྟད་མོ་བའི་ངོས་ནས་བཤད་ན་ནང་དོན་ཇི་ཙམ་ཡག་པ་དང་སྒྲིག་གཤོམ་ཇི་ཙམ་ཡག་ཀྱང་། ལྟ་སྐོར་ཐེངས་མང་བྱས་རྗེས་ཡིད་དབང་འཕྲོག་ནུས་མེད་པར་གྱུར་གྱི་ཡོད། འགྲེམས་སྟོན་དང་སྒྲིག་གཤོམ་གསར་པ་དང་ཚན་རྩལ་མཐོ་བའི་བྱེད་ཐབས་སྤྱད་དེ་རིག་དངོས་རང་ངོས་ཀྱི་རིག་གཞུང་ཞིབ་འཇུག་དང་ནང་དོན་སྔོག་འདོན་ལ་མཐོང་ཆེན་བྱས་ཏེ་ནང་དོན་འགྲེམས་སྟོན་དང་བྱེད་སྒོའི་རྣམ་པ་ཟུང་འབྲེལ་དམ་ཟབ་བྱས་ཐོག རྟེན་རྫས་བཤམས་མཛོད་ཁང་གི་སྒྲིག་གཤོམ་འགྲེམས་སྟོན་དང་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

    གཉིས་པ། སྤྱི་དམངས་ཡིད་དབང་འཕྲོག་ཐབས་བྱེད་པར་རྟེན་རྫས་བཤམས་མཛོད་ཁང་གིས“དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར”བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་འགྲེམས་སྟོན་གསར་པ་ཟམ་མི་ཆད་པར་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་ཆེད་ལས་རང་བཞིན་དང་། རིག་གཞུང་རང་བཞིན། འདོད་བབ་རང་བཞིན། ལྟ་སྐོར་རང་བཞིན་བཅས་ཟུང་འབྲེལ་ཡག་པོ་བྱས་ཐོག སྒྲིག་གཤོམ་འགྲེམས་སྟོན་དེར་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་ཡོང་ཐབས་བྱས་ནས་སྤྱི་དམངས་དང་སྤེལ་རེས་འབྲེལ་བ་ལ་ཤུགས་སྣོན་རྒྱག་དགོས། དུས་མཚུངས་རྟེན་རྫས་བཤམས་མཛོད་ཁང་སྣུར་སྲིང་དང་རྒྱ་སྐྱེད་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དཔེར་ན། ཆེད་དོན་འཆད་ཁྲིད་དང་ལྟ་ཉན་སོགས་སྤྱི་དམངས་ཁྲོད་སྐྱོད་པ་དང་ད་དུང་འགྲེམས་པང་བཟོས་ནས་ལས་ཁུངས་དང་། སློབ་གྲྭ སྡེ་ཁུལ། གྲོང་གསེབ་བཅས་སུ་སྟབས་བསྟུན་འགྲེམས་སྟོན་བྱེད་པར་སྐྱོད་དགོས།

    གསུམ་པ། རྟེན་རྫས་བཤམས་མཛོད་ཁང་གི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྟེན་རྫས་བཤམས་མཛོད་ཁང་གི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་རྒྱག་དགོས། རྟེན་རྫས་བཤམས་མཛོད་ཁང་གི་དོ་དམ་དང་ཞབས་ཞུ་བྱེད་པའི་ཆེད་ལས་ཤེས་བྱ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་ཁག་གཅིག་ནུས་ཤུགས་ཆེན་པོས་སྐྱེད་སྲིང་བྱས་ནས། སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བས་རིམ་སྤོར་བྱེད་དགོས་པ་དང་། གོ་སྐབས་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་བྱེད་སྒོ་ཡག་པོ་སྤེལ་ནས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་ཤེས་རྟོགས་ཐུབ་མཁན་ཉུང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆུང་བའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།