དབུ་ཤོག>གསར་འགྱུར།
  • ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་བཏང་ནས་དེང་དུས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-22

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་བོད་དུ་རྟོག་ཞིབ་གནང་སྐབས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་གོ་སྐབས་དེ་དམ་པོར་འཛིན་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་དང་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་དེང་དུས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བོད་ཀྱི་རྒྱལ་ཁབ་ས་ཆ་90%ཡན་ནི་ཞིང་འབྲོག་ཁུལ་ཡིན་པ་དང་མི་འབོར་བཅུ་ཆ་བརྒྱད་ཙམ་ཞིང་འབྲོག་པ་ཡིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་འཕེལ་རྒྱས་ཁྲོད་ཀྱི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་མངོན་གསལ་ཧ་ཅང་དོད་པོ་ཡོད། ཞིང་འབྲོག་ལས་དེང་རབས་ཅན་མེད་ཚེ་རང་ལྗོངས་ཀྱི་དེང་རབས་ཅན་མེད། “ཞིང་གསུམ”གནད་དོན་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཁྱོན་ཡོངས་ལས་ཀའི་ཁྲོད་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་པ་དང་། ཞིང་འབྲོག་ལས་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཞིང་འབྲོག་ལས་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་སོང་ཚེ་གཞི་ནས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བ་དང་འཕེལ་རྒྱས་ཀྱི་ཆུ་ཚད་དངོས་སུ་མཐོ་རུ་འགྲོ་བ་མ་ཟད། བརྟན་ལྷིང་ལའང་རྨང་གཞི་བརྟན་པོ་ཡོད་སྲིད། ང་ཚོས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་ལས་ཀའི་གལ་ཆེའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་དང་སྔོན་ཆད་ཀྱི་ལད་མོ་རྣམ་པའི་འཛད་སྤྱོད་དུས་མཚམས་གཞི་རྩའི་ཆ་ནས་མཇུག་འགྲིལ་ཏེ་འཛད་སྤྱོད་ཀྱི་རིམ་པ་མཐོ་རུ་ཕྱིན་པ་དང་རང་གཤིས་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་བྱ་རྒྱུ་དེ་རིམ་བཞིན་གཙོ་རྒྱུན་དུ་གྱུར་ཡོད། རྒྱུན་རྣམ་གསར་པར་གོ་སྐབས་གསར་པ་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཐད་དེ་བས་ཡངས་པའི་བར་མཐོངས་བཏོད་པ་དང་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ཟོག་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། ང་ཚོས་རྒྱུན་རྣམ་གསར་པར་རང་འགུལ་ངང་འཚམ་པ་བྱས་ཏེ་དཔལ་འབྱོར་རྒྱུན་རྣམ་གསར་པ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་ཡག་པོ་བྱས་ཐོག་དེང་དུས་ཞིང་འབྲོག་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

    “ཁྱད་ལྡན”ལ་གཞི་ཚུགས་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས་ཤིང་། “ཁྱད་ལྡན”ཞེས་པ་ནི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ལེགས་ལྡན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་རླུང་ཁམས་ཆེ་མོ་དང་། འོད་འཕྲོ། ས་ཆུ་སོགས་སྣོད་བཅུད་ཐོན་ཁུངས་དང་ཁོར་ཡུག་ལས་བྱུང་བའི་ཞིང་འབྲོག་ཐོན་ཟོག་ཐད“གྲགས་ཅན་དང་། ཁྱད་ལྡན། ངོ་མཚར”སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་མ་ཟད“ལྷད་མེད་དང་སྐྱེ་ལྡན”སོགས་ཀྱི་སྤུས་ལེགས་ཁྱད་ཆོས་ཀྱང་ལྡན་ཡོད། ནས་ཞིབ་སྣོན་གྱི་རིམ་སྤེལ་ཐོན་ཟོག་དང་། བོད་སྨན་སྨན་རྒྱུ བོད་ཕག འབྲི་གཡག་སོགས་ཚང་མར་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ཐོན་ཁུངས་ལེགས་ལྡན་དང་མངོན་མེད་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དང་བཀོད་པ་ལེགས་སྒྲིག་བྱེད་པ་དང་ས་མཐོའི་འདེབས་གསོའི་ལས་རིགས་དང་དེང་རབས་སྤང་ལྗོངས་འབྲོག་ལས་སོགས་འཕེལ་རྒྱས་བཏང་ཐོག་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་གཙོ་ཁྲིད་ཐོན་ཟོག་དང་། ཀ་རྟེན་ཐོན་ལས། གྲགས་ཅན་སྤུས་རྟགས་བཅས་མགྱོགས་མྱུར་ཆགས་པ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་། རིགས་མང་བ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་དེང་དུས་ཞིང་འབྲོག་ལས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་དགོས། དུས་མཚུངས་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    “རྒྱ་སྐྱེད”ཐད་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་དགོས་ཤིང་། “རྒྱ་སྐྱེད”ཅེས་པ་ནི་ཞིང་འབྲོག་ལས་གཉེར་སྐྱོང་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་ལས་སྟོབས་ཆེར་དང་སྤུས་རྟགས་ཤུགས་ཆེར་གཏོང་རྒྱུ་དེ་རེད། གཞི་ཁྱོན་ཆེ་རུ་སོང་ཚེ་མ་གནས་དམའ་རུ་གཏོང་ཆོག་པ་དང་ཚན་རྩལ་ཡང་ཁྱབ་གདལ་དེ་བས་གཏོང་སླ་བ་ཡོད་པ་མ་ཟད་གཞི་ནས་ཚོང་ཟོག་གི་འབོར་ཚད་ཆགས་པ་དང་། ཁྲོམ་ར་གསར་འབྱེད་བྱེད་པར་དེ་བས་སྒུལ་ཤུགས་ལྡན་པ། ཞིང་ལས་རྩ་འཛུགས་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ལའང་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད། ཁྱད་ཆོས་མངོན་གསལ་དོད་པ་དང་ལེགས་ཆ་མངོན་གསལ་དོད་པོ་བྱས་ཏེ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དེའི་ནང་གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་ཐོན་སྐྱེད་ཞབས་ཞུ་དང་གོ་རིམ་ལྡན་པའི་ངང་ས་ཆ་བརྒྱུད་བཤུག་གཏོང་བ་དང་མ་རྐང་མཉམ་ལས་དང་ས་ཆ་དང་རྩྭ་ར་མངགས་བཅོལ་དོ་དམ་སོགས་ཚུད་པ་དང་། ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་བཏང་ནས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གཙོ་གཟུགས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཆུ་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

    “གསར་པ”བཀོལ་སྤྱོད་བྱས་ནས་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། “གསར་པ”ཞེས་པ་ནི་ལག་རྩལ་གསར་པ་དང་། རྣམ་པ་གསར་པ། གཉེར་སྐྱོང་བྱེད་སྟངས་གསར་པ་བཅས་རེད། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་རྩ་བ་ནི་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས་ཀྱི་ཡོད། ཕྱོགས་གཅིག་ནས་ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་ལས་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་བ་དང་ཚན་རྩལ་གྱི་སྒུལ་བྱེད་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་སྟོན་དཔྱད་གཞིར་བྱས་ནས་སྔོན་མངགས་ཐད་ཚོང་དང་། མུ་འབྲེལ་སྡེབ་སྐྱེལ། གློག་རྡུལ་ཚོང་དོན་སོགས་དེང་རབས་འཁོར་རྒྱུག་བྱེད་སྟངས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཞིང་ལས་དེ་ཐོན་ལས་གཉིས་པ་གསུམ་པ་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།