དབུ་ཤོག>གསར་འགྱུར།
  • ཚོང་རྟགས“མིང་བྱང”ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ལིའུ་ཡུས་ཅིང་གིས།   |     སྤེལ་དུས།  2015-08-21

    ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དཔལ་འབྱོར་ཕྱོགས་འགྱུར་རིམ་སྤོར་བྱུང་བ་དང་ཆབས་ཅིག་འགྲན་རྩོད་དེ་ཁེ་ལས་འཚོ་གནས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཁོར་ཡུག་གཙོ་བོ་ཞིག་ཏུ་གྱུར་པ་དང་སྤུས་རྟགས་དེ་ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་ཆུང་གི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    རང་ལྗོངས་སུ“5100”གཏེར་ཆུ་དང“ཨ་ཅག་ཚགས་ཤ”ལ་སོགས་པའི་ཐོན་རྫས་མང་པོ་ཞིག་རང་ལྗོངས་ཀྱི་འཛད་སྤྱོད་པའི་མིག་ནང་གི“གྲགས་ཅན་སྤུས་རྟགས”སུ་གྱུར་ཡོད། སྨྱུག་འཛིན་པས་བྱས་ན་གྲགས་ཅན་སྤུས་རྟགས་ཡིན་པའི་ཚོང་རྟགས་དེ་དག་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཀྱི་འདུག

    ཚོང་རྟགས་ནི་སྲིད་གཞུང་དང་ཁེ་ལས་སམ་ཡང་ན་བདག་པོའི་གཟུགས་མེད་རྒྱུ་ནོར་ཞིག་རེད། ཚོང་རྟགས་ལ་ཆ་མཚོན་ན། རྒྱལ་ཁབ་ཚོང་རྟགས་ཅུས་སུ་རེ་ཞུ་ཕུལ་ནས་ཁྲིམས་ལྟར་ཐོ་འགོད་བྱས་ན་ཤེས་བྱའི་ཐོན་དབང་ལ་གཞི་ནས་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐུབ་རྒྱུ་རེད།

    “ཚོང་རྟགས”ནི་ཁེ་ལས་ཀྱི་མིང་བྱང་དང་ལྷག་པར་དུ་སྤུས་རྟགས་ཀྱི་ཚོང་རྟགས་ཤིག་རེད། དེ་ལས་ཁེ་ལས་ཀྱི་ཐོན་རྫས་ཀྱི་གཟུགས་མེད་རིན་ཐང་མཚོན་པ་མ་ཟད། ད་དུང་ཁེ་ལས་ས་གནས་དེ་གར་གཞི་ཚུགས་ནས་ཁྲོམ་རའི་ཐོག་གཉེར་སྐྱོང་ཡག་པོ་བྱེད་པའི་རིག་གནས་སྣང་ཚུལ་ཞིག་ཐོན་པ་དེ་བས་ཀྱང་མཚོན་གྱི་ཡོད།

    དེས་མ་ཟད་ད་དུང་གཟུགས་མེད་རྒྱུ་ནོར་ཞིག་ཡིན་པའི་ཚོང་རྟགས་ཉིད་ནང་བཤུག་དང་ཆོག་འཐུས་སོགས་ཀྱི་རྣམ་པ་བརྒྱུད་གཞན་ལ་བེད་སྤྱོད་གཏོང་རྒྱུར་སྤྲོད་ཆོག་པ་དང་ཡང་ན་གཏའ་མར་བཞག་ནས་དེའི་རིན་ཐང་མངོན་འགྱུར་བྱེད་ཆོག འཛད་སྤྱོད་པའི་ངོས་ནས་བརྗོད་ན་ཐོན་རྫས་འདེམས་སྐབས་རང་ལ་མཁོ་བའི་ཐོན་རྫས་མིག་ངོ་ཆོད་བདེ་པོ་ཡོད། སྲིད་འཛིན་སྡེ་ཚན་གྱི་ངོས་ནས་བརྗོད་ན་ཚོང་རྟགས་ལ་དོ་དམ་བྱེད་པའི་ཐོག་ནས་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་བྱེད་བདེ་པོ་ཡོད།

    འོན་ཏེ་ཉེ་བའི་ལོ་ཤས་རིང་ཚོང་རྟགས་འུད་སྒྲོག་གི་བྱ་བ་མི་ཉུང་བ་ཞིག་ཐོན་ཡོད། འཛད་སྤྱོད་པ་ཡིན་པའི་ང་ཚོས་སྤུས་རྟཌ་ཀྱི་ཚོང་རྟགས་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་སྤུས་རྟགས་ཀྱི་ཚོང་རྟཌ་ལ་སྲུང་སྐྱོབ་ཐུབ་རྒྱུའི་རེ་བ་དེ་བས་ཀྱང་བྱེད་ཀྱི་ཡོད།

    གཅིག སྲིད་གཞུང་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་སྐུལ་འཁྲིད་བྱེད་དགོས་ཤིང་། “ས་གནས་མཚོན་རྟགས”རེ་ཞུའི“སྣེ་ཁྲིད་པ”ཡག་པོ་ཞིག་བྱས་ནས་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་། རིགས་སྣ་འདེམས་སྒྲུག་གི“ཞབས་ཞུ་བ”ཡག་པོ་ཞིག་བྱས་ནས་འདུ་ཤེས་ཟབ་ཏུ་གཏོང་དགོས། ཚོང་རྟགས་འཕེལ་རྒྱས་ཀྱི“དྲིལ་བསྒྲགས་པ”ཡག་པོ་ཞིག་བྱས་ནས་ཁེ་བེད་བདག་ཐོབ་ལ་སྲུང་སྐྱོབ་བྱེད་དགོས། ཚོང་རྟགས་སྤུས་རྟགས་ཀྱི“སྲུང་མ”ཡག་པོ་ཞིག་བྱེད་དགོས།

    གཉིས། ཁེ་ལས་ཀྱིས་གཞན་གྱི་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱ་རྒྱུ་མེད་ལ་རང་གི་ཆེད་སྤྱོད་དབང་ཆར་བཙན་གནོད་མི་ཕོག་པའང་བྱེད་དགོས། ཚོང་རྟགས་ཐོ་འགོད་བྱ་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། རྒྱུན་དུ་ཁྲོམ་རའི་ཐོག་བརྟག་དཔྱད་བྱེད་པར་སྐྱོད་པ། ཚོང་རྟགས་ལ་དོ་དམ་བྱ་རྒྱུར་ཤུགས་རྒྱག་པ། འགོག་སྲུང་ཚོང་རྟགས་དང་མཉམ་འབྲེལ་ཚོང་རྟགས་ཐོ་འགོད་བྱེད་པ་བཅས་ཀྱི་ཐོག་ནས་དབང་གནོད་རྫུན་བཟོའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་ཆབས་ཅིག་ཚོང་རྟགས་གྲགས་ཅན་ལ་དམིགས་བསལ་གྱི་སྲུང་སྐྱོང་ཐུབ་པ་བྱེད་དགོས།

    གསུམ། འཛད་སྤྱོད་པ་ཡིན་པའི་ང་ཚོས“ཆ་འདྲ་རྫུན་བཟོ”ཡི་ཚོང་རྟགས་རང་རྟོགས་ངང་གཏན་འགོག་བྱེད་དགོས། ཚོང་རྟགས་ལ་སྲུང་སྐྱོང་བྱེད་པའི་ནང་འཛད་སྤྱོད་པ་ཚང་མས་ཞུགས་དགོས། དེ་འདྲ་བྱུང་ན་ཚོང་དུད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་རྒྱུ་རེད་ལ་འཛད་སྤྱོད་པ་རང་ཉིད་ཀྱི་ཁེ་ཕན་ལའང་སྲུང་སྐྱོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།