དབུ་ཤོག>གསར་འགྱུར།
  • སེམས་ནུས་གཅིག་ཏུ་བསྒྲིལ་ནས་དམངས་འཚོར་ཕན་པ་བཏགས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་རྒྱུའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-08-16

    མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད།

    “བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་པ”དེ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་དམངས་འཚོའི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁས་ལེན་བྱས་པ་ཞིག་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་དང་དོ་ཁུར་གནང་བ་མཚོན་གྱི་ཡོད་ལ་ང་ཚོར་བོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བ། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བའི་ཐད་ཁ་ཕྱོགས་གསལ་སྟོན་དང་སྲུང་བྱ་གལ་ཆེན་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་བཅོལ། སྡོད་ཁང་། དྲོད་རླངས་མཁོ་འདོན། དབུལ་སྐྱོར། “བརྒྱད་འཛོམས་ཞིང་དུད”སོགས་ཀྱི་དམངས་འཚོའི་འདུ་འགོད་མང་པོ་ལག་བསྟར་བྱས་པ་དེས་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་སྔར་བས་མང་བ་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་འཕར་ཚད་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་མི་སེར་གྱི་བདེ་ཐང་དང་། ཡོང་འབབ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་བདེ་སྐྱིད་སྟོན་གྲངས་ལོ་རེ་བཞིན་གོང་མཐོར་ཕྱིན་ཡོད་པ་རེད།

    ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་། “མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་གཏོང་རྒྱུ”དེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་ཀྱི་དགོངས་པ་གལ་ཆེན་དུ་བརྩིས་ཡོད། ཏང་ཀྲུང་དབྱང་གི་ཐུགས་བརྩེ་ཟབ་མོས་ང་ཚོར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་གཏོང་བར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

    ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་གི་སྡེ་ཚན། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་ བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁ་གཏད་བོད་སྐྱོར་ཚན་པ་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“རྒྱ་ཆེའི་ཞིང་འབྲོག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཐུགས་ཁུར་དང་དྲོ་སྐྱིད་སྔར་བས་ཚོར་བར་བྱས་ཏེ། ཁོ་ཚོར་ཁ་ཚ་དགོས་གཏུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། ཞིང་འབྲོག་པར་ཡོང་འབབ་འཕར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་རྒྱུའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྣམ་གྲངས་དང་མ་དངུལ་ཞིང་འབྲོག་ཁུལ་དང་དམངས་འཚོར་ཕྱོགས་ཏེ་ཞིང་འབྲོག་པའི་སྡོད་ཁང་དང་། ནད་བསྟེན་པ། སློབ་གྲྭར་སྐྱོད་པ། འགྲིམ་འགྲུལ། འཐུང་ཆུ། འཕྲིན་གཏོང་སོགས་དམངས་འཚོའི་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་བས་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་སོང་བ། དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། དམངས་འཚོའི་གནད་དོན་ཐག་གཅོད་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩི་བ། མང་ཚོགས་བློ་ཡིད་ཚིམ་པ་དམིགས་ཚད་ཨང་དང་པོར་བརྩི་བ་བཅས་ཀྱིས་ཀྲུང་དབྱང་གི་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་སྙིང་དབུས་སུ་ཚོར་བར་བྱས་ཡོད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡོད་ཁང་དང་། ལས་ཞུགས། ཡོང་འབབ། སྤྱི་ཚོགས་འགན་སྲུང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་ཐོག ལོ་ལྟར་དམངས་ཕན་གྱི“དོན་དངོས་ཁག་བཅུ”ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཧ་ཅང་ཆེ་བའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་དང་། མང་ཚོགས་ལ་ཡོངས་ཁྱབ་ངང་ཕན་པ་ཐོབ་པའི་བྱ་བཟང་ཁག་གཅིག་བསྒྲུབས་པས། མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ལོ་ལྟར་ལེགས་བཅོས་གསར་པ་དང་ལེགས་བཅོས་ཆེན་པོ་བྱུང་ནས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་སོང་ཁར། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཀྱང་གོང་མཐོར་ཕྱིན་ཡོད། ལྗོངས་ཡོངས་ཀྱི་དམངས་སེམས་དམངས་འདོད་སྔར་བས་གོང་བུ་གཅིག་ཏུ་འགྲིལ་ཏེ། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་བྱུང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བོད་ལ་དགའ་ཞེན་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤོབས་སེམས་ཆེ་རུ་ཕྱིན་ཡོད།

    མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བ་ནི་མི་དམངས་ལ་བདེ་སྐྱིད་ཡོང་བའི་གཞི་རྩ་དང་སྤྱི་ཚོགས་ཞི་མཐུན་ཡོང་བའི་རྩ་བ་ཡིན་ལ། དམངས་ཕྱུག་བོད་དར་གྱི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ནས་མང་ཚོགས་རྣམས་སྔར་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱས་ཏེ། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།