དབུ་ཤོག>གསར་འགྱུར།
  • ནག་ཆུ་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པས་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-12

    ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་བྱེད་སྒོ་ཁག་བཞི་པ་ཁྱོན་ཡོངས་ནས་སྤེལ་བ་ནས་བཟུང་། ནག་ཆུ་ས་ཁུལ་གྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྩེ་དུང་དང་འགན་འཁྲི་སེམས་ནང་བཅངས་ནས་རང་སྐྱོང་ལྗོངས་ཀྱི“ལས་འགན་ཁག་ལྔ”དང་ནག་ཆུ་ས་ཨུད་ཀྱིས་བཏོན་པའི“ཕྱོགས་དྲུག་དང་ཞིབ་ཕྲའི་ལས་དོན་ཁག་བཅུ་དགུར”དམིགས་ནས་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ་དང་བྱེད་སྒོའི་གྲུབ་འབྲས་ཁྱོན་ཡོངས་ནས་གཏིང་ཟབ་དང་སྲ་བརྟན་དུ་བཏང་བ་རེད།

    སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། ཉིན་ཤས་རིང་ནག་ཆུ་ས་ཁུལ་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སོགས་ཀྱི་ཚོགས་འདུའི་དགོངས་དོན་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྔོན་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། དགོངས་དོན་ཁོང་དུ་ཆུད་པ་བཅས་བྱས་པ་རེད། དེའི་རྨང་གཞིའི་ཐོག་ལས་དོན་རུ་ཁག་གིས་ལས་དོན་རུ་མི་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི། ཏང་ཡོན་དང་སྡེ་ཚོགས་བཅས་ལས་གྲུབ་པའི་སྒྲོག་འགྲེལ་ཡན་ལག་རུ་ཆུང་སྒྲིག་འཛུགས་བྱས་ཏེ་ཡུག་དབྱེ་འགན་གཙང་ལེན་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་འབྲོག་དུད་དང་། སློབ་གྲྭ དགོན་སྡེ་བཅས་སུ་བསྐྱོད་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས་པས་སློབ་སྦྱོང་དྲིལ་བསྒྲགས་ཀྱི་ཚ་རླབས་ཤིག་འཕྲལ་དུ་འཕྱུར་བ་རེད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པ་སྤེལ་བ་ནས་བཟུང་ལས་དོན་རུ་ཁག་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཐེངས་11686བྱས་པ་དང་། དུད་ཚང་དུ་དྲིལ་བསྒྲགས་ཐེངས་45903བྱས་པ། ཆེད་དོན་དྲིལ་བསྒྲགས་ལེ་ཚན་དུས་ཐེངས་1731བཏོད་པ་བཅས་བྱས་པས་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་37.64ཟིན་ཡོད་པ་རེད།

    རྒྱུན་སྲིང་ལྷོད་མེད་ངང་རྩ་འཛུགས་དམ་འཛིན་དང་རྨང་གཞི་བརྟན་དུ་བཏང་བ། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་སྔར་བས་ཆེ་རུ་བཏང་བ་དང་། “གསོ་སྐྱོང་གསུམ”གྱི་ལས་དོན་ཧུར་ཐག་སྤེལ་བ། གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་ཏང་ཞུགས་ཧུར་བརྩོན་ཅན་2181གསོ་སྐྱོང་བྱེད་རོགས་བྱས་པ། ཏང་ཡོན་གསར་པ་1194འཕེལ་རྒྱས་བཏང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་སྒྲིག་སྲོལ་ལམ་ལུགས་ཁག་4176འཛུགས་པ་དང་འཐུས་ཚང་དུ་བཏང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་སྔར་བས་བརྟན་དུ་བཏང་བ། མང་ཚོགས་ཁྲོད་གྲོང་ཚོའི(གྲོང་ལྷན)ཏང་ཡོན་ལས་བྱེད་པའི་དབང་གྲགས་སྔར་བས་ཆེ་རུ་བཏང་བ་བཅས་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་དང་སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཛུགས་རོགས་བྱས་པ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱས་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་པ་གྲོང་ཚོར་བཅའ་སྡོད་བྱས་པ་ནས་བཟུང་གྲོང་ཚོའི“ཨུ་ལྷན་གཉིས”འགལ་བ་དང་རྩོད་གཞི་1872འདུམ་འགྲིག་བྱེད་རོགས་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་སྒྲོག་འགྲེལ་ཚོགས་ཆེན་ཐེངས་5113འཚོགས་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་ཁག་3327འཛུགས་པ་དང་འཐུས་ཚང་དུ་གཏོང་རོགས་བྱས་ནས་ས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་བྱས་པ་རེད།

    ནུས་ཤུགས་ཡོད་རྒུས་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་སེལ་བ། ནག་ཆུ་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཀྱི་བསམ་འཆར་བསྡུ་ལེན་ཧུར་ཐག་བྱེད་པ་དང་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཆེད་དོན་འགྲོ་གྲོན་ཡག་པོ་སྤྱོད་པའི་རྨང་གཞིའི་ཐོག་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་མངགས་གཏོང་ཚན་པས་ལམ་བཟོ་ཟམ་རྒྱག་དང་། སྡོད་ཁང་འཐུང་ཆུ། གློག་གཏོང་འཕྲིན་གཏོང་། ནད་བརྟག་སྨན་བཅོས། སློབ་ཞུགས་ལས་ཞུགས་སོགས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པ་སྤེལ་བ་ནས་བཟུང་ས་ཁུལ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚན་རྩལ་དང་། ལག་རྩལ། འཕྲོད་བསྟེན། ཆ་འཕྲིན། ཞབས་ཞུ་བཅས་གཤམ་སྤེལ་གྱི་བྱེད་སྒོ་ཐེངས་3597སྤེལ་བ་དང་བཅའ་སྡོད་གྲོང་ཚོར(གྲོང་ལྷན)དམངས་འཚོའི་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་2987ཐག་གཅོད་བྱེད་རོགས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་3426བསྒྲུབས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་905.4བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།