ཉེ་ཆར་ཆུ་ཤུར་རྫོང་ཟས་ཕུ་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཁ་ཆེ་ཤ་སྐམ་འདེབས་འཛུགས་བྱེད་སྟངས་ལ་ལྟ་བར་ཡོང་མཁན་གྲོང་མིས་ཁེངས་ཡོད། ཁ་ཆེ་ཤ་སྐམ་གྱི་སྡོང་ཕྲུག་རྩ་སྤོས་བརྒྱབ་པ་དེས་ཚང་མའི་སྤྲོ་སེམས་འཕེལ་ནས་ཟས་ཕུ་གྲོང་ཚོར་དགའ་སྤྲོའི་རྣམ་པས་ཁེངས།
ཟས་ཕུ་གྲོང་ཚོས་ཁ་ཆེ་ཤ་སྐམ་ཚོད་འདེབས་བྱེད་པ་ནི་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིར་ཕྱུག་འགྱུར་ཐབས་ལམ་བཏོད་པ་ཞིག་ཡིན་ལ་བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། འདི་ལོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཁྱོན་ཡོངས་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ལ་ཁ་ཆེ་ཤ་སྐམ་ཚོད་འདེབས་རྣམ་གྲངས་བདེ་བླག་ངང་འདུན་ཞུ་བྱས་པས་སྒོར་ཁྲི་7གྱི་རྣམ་གྲངས་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་རེད། ཆུ་ཤུར་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་འགོ་ཁྲིད་ཀྱིས་རྣམ་གྲངས་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཆུ་ཤུར་རྫོང་ཨུད་ཀྱི་འགོ་ཁྲིད་སྐུ་ངོ་མས་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་ཟས་ཕུ་གྲོང་ཚོར་རིན་མེད་ངང་སྡོང་ཕྲུག་མཁོ་འདོན་བྱ་རྒྱུའི་མཐུན་སྦྱོར་བྱས་ཡོད། ཆུ་ཤུར་རྫོང་སྐྱེ་དངོས་གསར་གཏོད་གཞུང་ལས་ཁང་གིས་རྣམ་གྲངས་ལ་ཆེད་ལས་ལག་རྩལ་མཛུབ་ཁྲིད་བྱས་ཡོད། ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མི་སྒྲིག་འཛུགས་བྱས་ནས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་པ་དང་། འདེབས་འཛུགས་བྱེད་སའི་འགྱིག་ཤོག་དྲོད་ཁང་གྲ་སྒྲིག་བྱས་པ། འབྲེལ་ཡོད་སྒྲིག་ཆས་ཉོ་སྒྲུབ་སྒྲིག་སྦྱོར་བྱས་ནས་ཁ་ཆེ་ཤ་སྐམ་བདེ་བླག་ངང་ཚོད་འདེབས་བྱ་རྒྱུར་གྲ་སྒྲིག་ཨང་བསར་བྱས་ཡོད།
ད་ཐེངས་ཟས་ཕུ་གྲོང་ཚོས་ཁ་ཆེ་ཤ་སྐམ་སྡོང་ཕྲུག་སྟོང་ཕྲག་གཅིག་ལྷག་ཙམ་འདེབས་འཛུགས་བྱས་ནས་འདེབས་འཛུགས་རྒྱ་ཁྱོན་མུའུ་1.5ཟིན་ཡོད། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་རྣམ་གྲངས་ལག་བསྟར་བླང་བྱ་དང་འདེབས་འཛུགས་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་དྲོད་ཁང་ལ་གཡོག་བྱེད་ཡག་པོ་བྱས་ཏེ་ཁ་ཆེ་ཤ་སྐམ་འདེབས་འཛུགས་ལ་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ་དང་ཟས་ཕུ་གྲོང་ཚོའི་མང་ཚོགས་ཕྱུག་འགྱུར་བྱ་རྒྱུར་རམ་འདེགས་བྱས་ཡོད།