ཟླ་8ཚེས་14ཉིན་ནི་ཞོ་སྟོན་གྱི་ཉིན་དང་པོ་ཡིན་པ་དང་། འབྲས་སྤུངས་དགོན་དང་སེ་ར་དགོན་གྱིས་ལོ་གཅིག་དུས་གཅིག་གི་གོས་སྐུ་གཤོམ་པའི་བྱེད་སྒོ་སྤེལ་རྒྱུ་རེད། བྱེད་སྒོའི་རིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་དང་། གྲོང་ཁུལ་གྱི་འགྲོ་ལམ་ཤར་གཏོང་དང་འགྲིམ་འགྲུལ་བདེ་འཇགས་ཚད་གཞི་མཐོ་ཤོས་ཐོག་ནས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་གྲོང་ཁུལ་གྱི་གཞུང་ལམ་དུམ་བུ་ཁག་གཅིག་ཏུ་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
འབྲས་སྤུངས་དགོན་གྱི་གོས་སྐུ་གཤོམ་རིང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པའི་དུས་ཚོད་ནི། ཟླ་8ཚེས་14ཉིན་གྱི་མཚན་མོའི་ཆུ་ཚོད་ཀླད་ཀོར་ནས་འབྲས་སྤུངས་དགོན་གྱི་གོས་སྐུ་གཤོམ་པའི་བྱེད་སྒོ་མཇུག་མ་བསྒྲིལ་བར་ཡིན་པ་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་གྱི་གཞུང་ལམ་དུམ་བུར་པེ་ཅིང་ནུབ་ལམ་དང་བརྒྱད་གཅིག་བྱང་ལམ་གྱི་ལམ་མདོའི་ནུབ། ཞི་བདེ་ལམ་གྱི་དུམ་བུ་ཚང་མ་དང་། ལས་རིགས་ལག་རྩལ་སློབ་གྲྭའི་ལམ་མདོ་ནས་དགུང་སྔོན་ལམ་གྱི་དུམ་བུ་ཚང་མ། དགུང་སྔོན་ལམ་དུམ་བུ་ཚང་མ་བཅས་ཚུད་ཡོད། གཞན་ཡང་འགག་སྒོའི་ལམ་མདོའི་ནུབ་ལ་བདལ་གཏོང་རླངས་འཁོར་གཏོང་མི་ཆོག་པ་དང་། བདེ་སྐྱིད་ནུབ་ལམ་དང་བཅིངས་འགྲོལ་ལམ་གྱི་བྱང་ལམ་དུམ་བུ་གཙོ་བོར་འཁོར་གསུམ་འཁོར་ལོ(འཕྲུལ་སྒུལ་དང་། གློག་སྒུལ། མི་ཤུགས)བཅས་གཏོང་མི་ཆོག
སེ་ར་དགོན་དུ་གོས་སྐུ་གཤོམ་རིང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པའི་དུས་ཚོད་ནི། ཟླ་8ཚེས་14ཉིན་གྱི་མཚན་མོའི་ཆུ་ཚོད་ཀླད་ཀོར་ནས་སེ་ར་དགོན་གྱི་གོས་སྐུ་གཤོམ་པའི་བྱེད་སྒོ་མཇུག་མ་བསྒྲིལ་བར་ཡིན་པ་དང་དོ་དམ་ཚོད་འཛིན་གྱི་ལམ་དུམ་བུར་ཚེས་གསུམ་ཐང་ལམ་དང་སེ་ར་ལམ་གྱི་ལམ་མདོའི་བྱང་ངོས་སུ་འཁོར་རིགས་ཚང་མ་གཏོང་མི་ཆོག ཉང་བྲན་ལམ་དང་སེ་ར་ལམ་གྱི་ལམ་མདོའི་ཤར་རྒྱུད་དུ་འཁོར་རིགས་ཚང་མ(སྤྱི་སྤྱོད་རླངས་འཁོར་ཚུད་མེད)གཏོང་མི་ཆོག
དོ་དམ་ཚོད་འཛིན་བྱེད་རིང་གོང་གསལ་ལམ་དུམ་བུར་འགྲོ་སྐྱོད་ལག་ཁྱེར་ཡོད་པའི་རླངས་འཁོར་ཕུད་རླངས་འཁོར་གཞན་དག་གཏོང་མི་ཆོག གོང་གསལ་གྱི་གཏན་འབེབས་ལས་འགལ་ཏེ་རླངས་འཁོར་བཏང་ཚེ་དངུལ་ཆད་གཅོད་རྒྱུ་ཡིན་པ་དང་། གོས་སྐུ་གཤོམ་པའི་བྱེད་སྒོ་མཇུག་བསྒྲིལ་རྗེས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ཡང་མཇུག་བསྒྲིལ་བས་རྒྱུན་གཏན་ལྟར་འགྲོ་སྐྱོད་བྱེད་ཆོག
གྲོང་ཁུལ་གྱི་འགྲོ་ལམ་ཤར་གཏོང་ཡོང་རྒྱུ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་གོས་སྐུ་གཤོམ་ཡུལ་ཉེ་འདབས་ཀྱི་འགྲོ་ལམ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་དང་། དེའི་ནང་པེ་ཅིང་ནུབ་ལམ་དང་བརྒྱད་གཅིག་བྱང་ལམ་གྱི་ལམ་མདོའི་ནུབ་དང་། ཞི་བདེ་ལམ་དུམ་བུ་ཚང་མ། དགུང་སྔོན་ལམ་དུམ་བུ་ཚང་མ། འགག་སྒོའི་ལམ་མདོའི་ནུབ། བདེ་སྐྱིད་ནུབ་ལམ་དང་། བཅིངས་འགྲོལ་བྱང་ལམ་ས་ཁོངས་ཀྱི་ལམ་དུམ་བུ་གཙོ་བོ། ཚེས་གསུམ་ཐང་ལམ་དང་སེ་ར་ལམ་ལམ་མདོའི་བྱང་གི་ལམ་དུམ་བུ། ཉང་བྲན་ལམ་དང་སེ་ར་ལམ་ལམ་མདོའི་ཤར་གྱི་ལམ་དུམ་བུ་བཅས་ཚུད་ཡོད།
འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་རིང་དོ་དམ་ཚོད་འཛིན་གྱི་ལམ་དུམ་བུ་ཚང་མའི་ཐོག་འཕྲུལ་སྒུལ་རླངས་འཁོར་གཏོང་མི་ཆོག་པ་དང་། དུས་མཚུངས། འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་པའི་ས་ཁོངས་ནང་རླངས་འཁོར་ཉུང་དུ་གང་ཐུབ་གཏོང་བ་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་མཇུག་བསྒྲིལ་རྗེས་འགྲིམ་འགྲུལ་རྒྱུན་གཏན་ལྟར་སླར་གསོ་བྱ་རྒྱུ་རེད།
གཞན་ཡང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས། རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་ལྷ་སའི་ཞོ་སྟོན་རིང་རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་བཀུར་དང་། འགྲིམ་འགྲུལ་གྱི་མཚོན་རྟགས་དང་འགྲིམ་འགྲུལ་གྱི་བརྡ་རྟགས་ལྟར་འཁོར་ལོ་གཏོང་བ་དང་འབྲེལ། འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་རྒྱུའི་དྲན་སྐུལ་བྱེད་པ་དང་། དོ་དམ་དང་ལེན་མི་བྱེད་མཁན་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།