བྱ་དངོས་གང་ཞིག་ཡིན་ཡང་ངོ་བོ་གཉིས་ཀྱི་རང་བཞིན་ལྡན་ཡོད། དེ་ནི་ལེགས་ཆ་དང་ཞན་ཆ་རེད། མཉམ་སྦྲེལ་དྲ་རྒྱར་ཡང་ཁྱད་ཆོས་དེ་ལྡན་ཡོད། གལ་སྲིད་བེད་སྤྱོད་འཚམ་པོ་ཞིག་བྱེད་ཤེས་ན་དེས་རང་ལ་ཤེས་བྱ་མཁོ་འདོན་བྱེད་ཐུབ། གལ་ཏེ་དེ་ལས་ལྡོག་ཚེ་དེས་རང་ཉིད་ཀྱི་ལང་ཚོ་དང་དུས་ཚོད་འཕྲོ་བརླག་གཏོང་ངེས། དེར་བརྟེན་ང་ཚོས་དུས་རྒྱུན་དུ་ཡ་རབས་ཚུལ་ལྡན་ངང་དྲ་རྩེད་ལ་རོལ་ནས་ཀྲུང་གོའི་དྲ་གྲོགས་ཡག་པོ་ཞིག་ཏུ་གྱུར་བར་བརྩོན་ལེན་བྱེད་དགོས།
ཀྲུང་གོའི་དྲ་གྲོགས་ཡག་པོ་ཞིག་བྱེད་དགོས་ན་ངེས་པར་དུ་མི་རིགས་ལ་བཅངས་པའི་བརྩེ་སེམས་དེ་དགོས། འཕེལ་རྒྱལ་མགྱོགས་མྱུར་དུ་འགྲོ་བཞིན་པའི་ཀྲུང་གོའི་མཉམ་སྦྲེལ་དྲ་རྒྱའི་ཐོག་གི་རྒྱལ་གཅེས་འབོད་སྒྲ་ནི་འགྲོ་ཕྱོགས་གཙོ་བོ་ཞིག་དུ་གྱུར་ཡོད་པ་རེད། དྲ་རྒྱ་ནི་ཆ་འཕྲིན་འཕེལ་རྒྱས་མགྱོགས་མྱུར་དུ་ཕྱིན་པའི་དེང་དུས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བ་ཞིག་དུ་གྱུར་ཡོད། མི་ཁག་གཅིག་གིས་དྲ་རྒྱ་རྒྱུད་ནས་ཤེས་བྱ་བརྒྱུད་བསྒྲགས་བྱེད་པ་དང་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པ། གཏམ་བརྗོད་སྤེལ་བ་སོགས་བྱེད་ཀྱི་ཡོད། ཡང་མི་ལ་ལས་དྲ་ཐོག་ཏུ་དཀར་ནག་ཕྱིན་ཕྱི་ལོག་པའི་ལས་ཀ་དུ་མ་བྱས་ནས་རང་ཉིད་ཀྱི་དུས་ཚོད་འཕྲོ་བརླག་གཏོང་བ་མ་ཟད་དྲ་གྲོགས་གཞན་རྣམས་ལོག་ལམ་དུ་ཁྲིད་ཀྱི་ཡོད་པ་རེད། དེའི་ཐོག་ནས་མི་སོ་སོའི་བྱང་ཚད་མངོན་ཐུབ་ཀྱི་ཡོད།
སྨྱུག་འཛིན་པའི་བསམ་པར་དྲ་བས་ང་ཚོར་སྟབས་བདེ་བའི་འཚོ་བ་ཞིག་བསྐྲུན་པ་དང་དུས་མཚུངས་ང་ཚོར་གནོད་པ་ཡང་གཏོང་ཐུབ། དེར་བརྟེན་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་སྤྱི་ཚོགས་ཀྱི་བརྟན་ལྷིང་བཅས་དྲ་བ་དང་འབྲེལ་བ་དམ་པོ་ཡོད། དྲ་གྲོགས་ཀྱི་བྱང་ཚད་དེས་དྲ་རྒྱའི་བར་མཐོང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟན་དྲ་རྒྱའི་བར་མཐོང་གཙང་མ་ཞིག་དགོས་ན་ཡ་རབས་ཚུལ་ལྡན་ངང་དྲ་རྒྱར་ཞུགས་དགོས་པ་མ་ཟད་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལ་འགན་འཁུར་དགོས་ལ་ཧུར་བརྩོན་ངང་དྲ་ཐོག་གི་ཡང་དག་པའི་རིན་ཐང་འདུ་ཤེས་ཀྱི་ཁྱབ་སྤེལ་བྱེད་མཁན་ཞིག་ཆགས་པ་བྱེད་དགོས།