དབུ་ཤོག>གསར་འགྱུར།
  • བདེ་སྐྱིད་ཀྱི་སྟོན་གྲངས་རིམ་བཞིན་མཐོ་རུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-11

    གང་ཞིག་ལ་བརྟེན་ནས་ལྷ་སར“བདེ་སྐྱིད་ཚོར་སེམས་ཆེ་ཤོས་ཀྱི་གྲོང་ཁྱེར”གྱི་མཚན་སྙན་ལོ་7བསྟུད་མར་ཐོབ་པ་རེད་དམ་ཞེ་ན། དམངས་འཚོ་འགན་ལེན་ནི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད། དུས་ཡུན་རིང་པོའི་ནང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་སྟོན་གྲངས་མཐོ་རུ་གཏོང་རྒྱུར་བརྟེན་ནས་མང་ཚོགས་ཚོའི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ཡོད།

    མི་འབོར་90%ཡན་ལ་རང་ཉིད་ཀྱི་སྡོད་ཁང་མེད་པ་ནས་ཞིང་འབྲོག་པ་98.7%ལ་རང་ཉིད་ཀྱི་སྡོད་ཁང་ཡོད་པའི་བར་དང་། བོད་ཀྱི་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་སློབ་གྲྭར་གཏན་ནས་འགྲོ་མི་ཐུབ་པ་ནས་ལོ་15(བྱིས་པའི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཏེ། དེའི་ནང་འབྲིང་རིམ་ལས་རིགས་སློབ་འབྲིང་ཚུད་པ)སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བར། མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་68བར་མཐོ་རུ་སོང་བའི་བར་ལ་སོགས།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཅིག་ཏུ་སྡུད་པའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་འབོར་ཆེན་ཞིག་ལག་བསྟར་བྱས་པས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོར་དྲོ་སྐྱིད་ལྡབ་བརྒྱ་ཚོར་བ་དང་སྐུལ་ལྕག་ལྷད་མེད་ཐེབས་ཡོད།

    སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ།

    1965ལོར་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། བོད་ཀྱི་སློབ་གསོ་དེ་ཆུང་བ་ནས་ཆེ་བའི་བར་དང་ཉུང་བ་ནས་མང་བའི་བར་ཏེ། གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ། མ་ལག་དང་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་དང་འཕེལ་རྒྱས་ཕྱིན་ཡོད།

    ལྗོངས་ཡོངས་སུ་སློབ་ཆུང་གི་སློབ་གསོ་ཡོངས་ཁྱབ་ངང་བཙུགས་པ་དང་འབྲིང་རིམ་དང་མཐོ་རིམ་གྱི་སློབ་གསོ་གཉེར་ནས་འཕེལ་རྒྱས་བཏང་བ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་གཞི་རྩའི་ཆ་ནས་ཁྱབ་པ། སློབ་གསོའི་དྲ་བ་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་ལ་ཡོངས་སུ་ཁྱབ་ནས་བྱིས་པའི་སློབ་གསོ་དང་། འོས་འགན་སློབ་གསོ། དམིགས་བསལ་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ་བཅས་ཚུད་པའི་ཅུང་འཐུས་སྒོ་ཚང་བའི་མི་རིགས་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་རེད།

    1985ལོ་ནས་བཟུང་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་ཀྱིས་གཙོ་བོར་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭ་གཉེར་སྟངས་ལག་བསྟར་བྱས་པ་མ་ཟད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱང་ལག་བསྟར་བྱས་པ་དང་། ད་ལྟའི་བར“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་ཐེངས་མང་མཐོ་རུ་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་སློབ་ཆུང་ལོ་རིམ་དྲུག་པའི་པ་སངས་ཚེ་རིང་ལ་ཉིན་ལྟར་ལྟོ་ཆས་བཟས་རྗེས་ཀུ་ཤུ་དང་འོ་མ་སོགས་ལེན་རྒྱུ་ཡོད་པས། “འགན་ལེན་གསུམ”གྱི་རིན་མེད་སློབ་གསོ་ལོངས་སུ་སྤྱོད་བཞིན་ཡོད། སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་བསམ་གྲུབ་ཀྱིས“ད་ཆ་ཁྱིམ་བདག་ཚོས་ཕྲུ་གུ་སློབ་གྲྭར་གཏོང་འདོད་བྱེད་པས། སློབ་མཚམས་ཆད་པ་དང་སློབ་མཚམས་འཇོག་པའི་སྣང་ཚུལ་ཐོན་ཉུང་ཉུང་རེད” སློབ་མ་ཚང་མར་ལོ་ལྟར“འགན་ལེན་གསུམ”གྱི་འགྲོ་གྲོན་གཏང་ཡུལ་ཡོངས་བསྒྲགས་ཁ་གསལ་བྱེད་ཀྱི་ཡོད་ཅེས་བཤད།

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་གསོའི་འགྲོ་གྲོན་ལོ་རེ་ལས་ལོ་རེ་མ་འདས་པར་མང་དུ་བཏང་ཡོད། 2000ལོ་ནས་2014ལོ་བར་བོད་ཀྱི་སློབ་གསོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར་7.23ནས་སྒོར་དུང་ཕྱུར་135བར་མཐོ་རུ་བཏང་ནས་འཕར་ཚད་ལྡབ་17.6ལས་བརྒལ་བ་དང་། རིམ་རྩིས་བརྒྱབ་ན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་753ཙམ་ཟིན་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་ཁྲིད་ཡོ་ཆས་དང་སྒྲིག་ཆས་གསར་སྒྱུར་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་ཐུབ་ནས་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    2014ལོ་བར་ལྗོངས་ཡོངས་ཀྱིས་ལོ་15ཡི་འོས་འགན་སློབ་གསོའི(བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་། མཐོ་རིམ་སློབ་འབྲིང་དེའི་ནང་འབྲིང་རིམ་ལས་རིགས་སློབ་འབྲིང་ཚུད་པ)རིན་མེད“འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་2900བར་མཐོ་རུ་བཏང་ཡོད།

    སྨན་བཅོས་འགན་བཅོལ་ལས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་པ།

    ཞི་བའི་བཅིངས་འགྲོལ་མ་བཏང་གོང་བོད་དུ་དེང་རབས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཅིག་ཀྱང་མེད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་རྗེས། བོད་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པས། མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་རིམས་ནད་འགའ་ཞིག་ཚོད་འཛིན་ནུས་ལྡན་ཐུབ་ནས་འགོས་ནད་དང་ཡུལ་ནད་སྣ་ཚོགས་ཐོན་ཚད་ཇེ་ཆེར་ཆག་ཡོད།

    ད་ཆ་བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་པ་མ་ཟད། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱང་རིམ་བཞིན་བཙུགས་ཡོད། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རིན་ཆེན་གྲོང་ཚོའི་གྲོང་མི་ཚེ་བརྟན་ནོར་བུས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་གཅིག་གྱུར་འཆར་འགོད་དེ་སྔོན་ཆད་ལོ་རེར་མི་རེར་སྒོར་10འཇལ་དགོས་ཀྱི་ཡོད། ད་ཆ་སྒོར་20བར་མཐོ་རུ་བཏང་བ་དང་། རྩིས་ཞུ་བྱེད་ཚད་ཀྱང་སྔོན་ཆད་ཀྱི་མཐོ་ཤོས་ཡིན་པའི་སྒོར་6000ནས་སྒོར་8000བར་མཐོ་རུ་བཏང་ཡོད། “ཚ་མོ་ཆུང་བ་2009ལོར་རྫོང་སྨན་ཁང་དུ་སྨན་བཅོས་བྱས་པར་སྨན་ཡོན་སྒོར་500ཕྱིན་པ་ལས་400རྩིས་ཞུ་ཐུབ་བྱུང”ཞེས་བཤད།

    ད་ཆ་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི་1300ལྷག་ཙམ་དང་འཕྲོད་བསྟེན་ལག་རྩལ་མི་སྣ་1000ཙམ་ཡོད། 2014ལོར་སླེབས་སྐབས་ལྷ་ས་གྲོང་ཁྱེར་ལྟེ་བར་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་བོད་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་པས“གྲོང་ཚོ་རེ་ལ་འཕྲོད་བསྟེན་ཁང་རེ་ཡོད་པའི”དམིགས་ཚད་མངོན་གྱུར་བྱུང་ཡོད།

    ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ལ་སྐུལ་འདེད་བཏང་བ།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་རེད། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་སྤྱི་པའི་ཞབས་ཞུར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། ལས་ཞུགས་རོགས་སྐྱོར་ཤུགས་ཆེན་བྱས་པ། ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། ལས་ཞུགས་ཆ་རྐྱེན་མཐོ་རུ་ཧུར་ཐག་བཏང་བ། ལས་ཞུགས་གོ་སྐབས་རྒྱ་ཆེར་བཏང་བ་བཅས་ལས་མི་རིགས་ཁག་གི་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་དང་རང་བརྟེན་ལས་གཏོད་ཀྱི་དབང་ཆ་འགན་ལེན་ནུས་ལྡན་ཐུབ་ཡོད།

    ལོ་མང་རིང་རང་ལྗོངས་ཀྱིས་ལས་ཞུགས་དང་ལས་ཞུགས་བསྐྱར་མ་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་དོན་ཆེན་ཨང་དང་པོར་བརྩིས་ནས་ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་བྱེད་པའི་འཐབ་ཇུས་དང་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་སྲིད་ཇུས་ལག་བསྟར་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་མངོན་འགྱུར་ཧུར་ཐག་བྱས་པས། མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པའི་ལས་ཞུགས་སྲིད་ཇུས་ཀྱི་མ་ལག་ཅིག་རིམ་བཞིན་ཆགས་ཡོད་པ་རེད།

    2006ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་སྒྱུར་བཅོས་བྱས་རྗེས། རང་ལྗོངས་ཀྱིས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཟོས་ཏེ། མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་འགྲོ་ཕྱོགས་ལ་ཁྲིད་སྟོན་ལུགས་མཐུན་བྱས་པས། ཐབས་ལམ་མང་པོ་དང་ཁྱབ་ཁོངས་ཆེན་པོའི་སྒོ་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱ་རྒྱུར་བསྡུ་ལེན་བྱས་ཡོད། 2011ལོ་ནས་བཟུང་རང་ལྗོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་དམིགས་བསལ་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པ་དང་ཡོངས་བསྒྲགས་ངང་རྒྱུགས་སྤྲོད་བསྡུ་ལེན་དང་། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་དང“ནུབ་རྒྱུད་འཆར་གཞིའི་དང་བླངས་པ”བསྡུ་བ། ཆེད་དོན་གདན་ཞུའི་ཚོགས་འདུ་སྒྲིག་འཛུགས་བྱེད་པ། ལས་ཞུགས་བོད་སྐྱོར་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་པས་ཐེམ་ཐོ་བོད་ནས་ཡིན་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་རྫོགས་ལས་ཞུགས་ཐུབ་པ་དང་། ལོ་དེ་སྔའི་མཐོ་སློབ་སློབ་ཐོན་སློབ་མ་གཞི་རྩའི་ཆ་ནས་ལས་ཞུགས་ཐུབ་ཡོད།

    བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་གང་ལེགས་ཐུབ་པ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་རྒྱུའི་ཡིད་དབང་འགུགས་ཆེད། རང་ལྗོངས་ཀྱིས་འབྲེལ་ཡོད་ཀྱི་ཡར་སྐུལ་སྲིད་ཇུས་བཟོས་པ་སྟེ། ལྗོངས་ཕྱིར་བསྐྱོད་དེ་ལས་ཞུགས་བྱེད་པ་མ་ཟད། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའམ་ཡང་ན་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པའི་སློབ་ཐོན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལམ་རིན་གྱི་ཁ་གསབ་སྒོར་1000སྤྲོད་པ་དང་། ལྗོངས་ཕྱིར་བསྐྱོད་དེ་ལས་ཞུགས་བྱེད་པ་མ་ཟད། ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའམ་གདན་ཞུས་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་པའི་སློབ་ཐོན་སློབ་མར་ལམ་རིན་གྱི་ཁ་གསབ་སྒོར་1000ཕུད། ད་དུང་མི་རེར་ཟླ་རེར་ཁ་གསབ་སྒོར་300སྤྲོད་བའི་ཚད་གཞི་ལྟར་ལོ་གཅིག་རིང་གི་འཚོ་བའི་ཁ་གསབ་སྤྲོད་པ་དེ་རེད།

    སྤྱི་ཚོགས་མ་ལག་འཐུས་སྒོ་ཚང་དུ་བཏང་བས་མང་ཚོགས་ཚོར་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དང་། ལྷག་པར་དུ་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་བོད་ཀྱི་སྤྱི་ཚོགས་འགན་ལེན་དེ་མེད་པ་ནས་ཡོད་པའི་བར་དང་། གྲོང་ཁྱེར་དང་གྲོང་རྡལ་ནས་གྲོང་གསེབ་བར། ལས་རིགས་མི་ཚོགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་བར་བཅས་ཚང་མར་རྒྱུན་ཆད་མེད་པར་སྒྱུར་བཅོས་དང་། འཕེལ་རྒྱས། འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་མྱོང་བ་དང་། དུས་ཐུང་ལོ་50ཡི་རིང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་ལེན་མ་ལག་ཅིག་རགས་ཙམ་བཙུགས་ཡོད།

    མིག་སྔར་རང་ལྗོངས་སུ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་བྱ་ཡུལ་ཆེན་པོ་ལྔ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་ཅིག་གཞི་རྩའི་ཆ་ནས་བཙུགས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རང་ལྗོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ལ་རང་སྐྱོང་ལྗོངས་རིམ་པས་གཅིག་རྗེས་གཉིས་མཐུད་ངང་གཅིག་གྱུར་འཆར་འགོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་རྒན་བཅོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་བརྟན་པོའི་ངང་མཐོ་རུ་བཏང་བ། ལས་ཤོར་འགན་བཅོལ་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ལས་རྨས་དང་བུ་བཙའ་འགན་བཅོལ་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་བཅས་ལས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་དམངས་སྲིད་རྣམ་གྲངས་འཛུགས་སྐྲུན་གྱི་ཤུགས་སྣོན་ལ་སྔར་བས་སྐུལ་འདེད་བཏང་བ་དང་དམངས་སྲིད་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། 2013ལོར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་ལས་དོན་ལ་ཉིན་རེའི་གྲོས་རིམ་བཏོན་ནས“གྲོང་གསེབ་ཀྱི་འགན་ལེན་ལྔའི་རྒན་རྒོན་ལོ་གསུམ་གྱི་ནང་ཚང་མ་རྫོང་རིམ་པ་ཡན་གྱིས་གཅིག་སྡུད་བསྙེན་བཀུར”དང“2015ལོར་སླེབས་སྐབས་དྭ་ཕྲུག་ས་ཁུལ(གྲོང་ཁྱེར)ཡན་གྱི་བྱིས་པའི་ཕན་བདེ་ཁང་གིས་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ལུགས”ཁ་གསལ་བཏོན་ཡོད།

    འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་ལས་དོན་སྤེལ་འགོ་བཙུགས་ཚུན། འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་དེ་བས་མང་བར་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཏང་གི་ཉི་འོད་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མྱོང་ཚོར་གང་ལེགས་ཐུབ་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རྩ་བར་བཟུང་ནས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པས། མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་བར་མཆོང་སྐྱོད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།