དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་ལྷ་སའི་དཔལ་འབྱོར་འཕར་ཚད་ཆག་མེད་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-09

    གསར་འགོད་པས་ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་དཔྱད་དཔྱོད་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ཐད་བརྟན་ཐོག་ལེགས་སྒྱུར་གྱི་གཞི་རྩའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་རེད། ཟླ་དང་པོ་ནས་6པའི་བར་སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་157.9ཟིན་པ་དེ་དུས་མཚུངས་ལས་13.3%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3མཐོ་རུ་ཕྱིན་ཞིང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་40.6%ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཆག་མེད་པར་སྤྱིར་ན་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་ཡིན་པས་འཕེལ་རྒྱས་ཀྱི་སྔོན་དཔག་དུས་མཚམས་དང་མཐུན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཐོན་སྐྱེད་ཐད་བརྟན་པོ་རྒྱུན་འཁྱོངས་བྱས་པའི་ནང་དཔྱིད་རྨོད་རྒྱ་ཁྱོན་མུའུ་ཁྲི་44.42ཟིན་པ་དང་། སྔོན་དཔག་ལྟར་ན་ཕྱུགས་ཕྲུག་ཁྲི་41.74བཙའ་རྒྱུ་ཡོད་པ་དང་གསོན་ཚད་96.9%ཟིན་རྒྱུ། ཤ་དང་། འོ་མ། སྒོ་ང་བཅས་ཐོན་ཚད་ཏུན་ཁྲི་2.04དང་། ཏུན་ཁྲི་2.39 ཏུན་265བཅས་སོ་སོར་ཟིན་རྒྱུ་རེད།

    བཟོ་ལས་ཐོན་སྐྱེད་ཀྱི་འཕེལ་ཕྱོགས་བརྟན་པོ་ཡིན་ཞིང་། ཟླ་དང་པོ་ནས་6པའི་བར་གྲོང་ཁྱེར་དེ་ཡོངས་སུ་སྔོན་དཔག་ལྟར་ན་བཟོ་ལས་དང་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་18.03ཟིན་རྒྱུ་དང་12%འཕར་རྒྱུ་མ་ཟད། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་37.6%ལེགས་གྲུབ་བྱ་རྒྱུ་དང་། རྐང་འཛིན་ཁེ་ལས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་བཟོ་ལས་དང་ཁེ་ལས་8ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17.7ཟིན་རྒྱུ། གཙོ་ཁྲིད་ཐོན་ལས་ཀྱི་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་པོ་བྱུང་ནས་ཟླ་དང་པོ་ནས་5པའི་བར་ས་གཙང་བདེ་ཐང་དང་། གཏེར་ལས། འཛུགས་སྐྲུན་རྒྱུ་ཆ་བཅས་གཙོ་ཁྲིད་ཐོན་ལས་ཆེ་གྲས་གསུམ་ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་21.62བྱུང་ཡོད།

    ཐོན་ལས་གསུམ་པ་བརྟན་པོའི་ངང་གོང་འཕེལ་བྱུང་ཞིང་། ཟླ་དང་པོ་ནས་6པའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་སྔོན་དཔག་ལྟར་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་279.93ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་33.53ཟིན་རྒྱུ་དེ་དུས་མཚུངས་ལས་20.05%འཕར་རྒྱུ་དང་། སྔོན་དཔག་ལྟར་ན་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་101.8ཟིན་ནས་ཡུལ་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་དེ་4%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། ཡུལ་མིའི་ཡོང་འབབ་མུ་མཐུད་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12860ཟིན་རྒྱུ་དེ་ན་ནིང་ལས་སྒོར་1483ལས་མང་དུ་འགྲོ་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3350ཟིན་རྒྱུ་དེ་ན་ནིང་ལས་སྒོར་457འཕར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།