དབུ་ཤོག>གསར་འགྱུར།
  • ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-07

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉེ་ཆར་སྒྱུར་བཅོས་ཀྱི་འཕེལ་རིམ་ཁྲོད་གནད་དོན་གང་ལྷགས་ཡོད་པ་དང་། གོམ་སྟབས་རྗེས་མའི་ལས་དོན་གྱི་གཙོ་གནད་ཅི་ཡིན་པ་སོགས་ཀྱི་ཐད་ལ་ལྗོངས་བཟོ་ཚོང་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཅུས་ཀྲང་ལི་ཡིང་ཁྲུན་གྱིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་པ་རེད།

    ལི་ཡིང་ཁྲུན་གྱིས་མིག་སྔར་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་པའི་ཁྲོད་ལྷུ་ཚིགས་ཞན་ས་སྔར་བཞིན་གནས་ཡོད། གཅིག་ནས་སྒྱུར་བཅོས་འཕེལ་རིམ་དོ་སྙོམས་མེད་པ་སྟེ། སྡེ་ཚན་ཁ་ཤས་ཀྱིས“ཞིབ་མཆན་འགོད་རྒྱུས་དོ་དམ་གྱི་ཚབ་བྱེད་པའམ”ཡང་ན“ཞིབ་མཆན་འགོད་པ་ལས་དོ་དམ་མི་བྱེད་པའི”སྲོལ་རྒྱུན་གྱི་དོ་དམ་བྱེད་སྟངས་ལ་བརྟེན་ནས་ཞིབ་མཆན་འགོད་འཐུས་ཀྱི་ཚད་གཞི་མཐོ་དྲགས་པ་དང་འགོད་ཡུན་རིང་དྲགས་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷགས་ཡོད་པ་དང་། གཉིས་ནས་རྗེས་མཐུད་ལྟ་སྐུལ་དོ་དམ་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་ཏེ། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ད་དུང་ཁ་གསལ་མེད་པའི་ཁར། ཐུན་མོང་ལྟ་སྐུལ་དོ་དམ་ལམ་སྲོལ་དང་རྗེས་མཐུད་ལྟ་སྐུལ་དོ་དམ་ཐད་ཀྱི་ཆ་སྒྲིག་བྱེད་ཐབས་ཀྱང་འཐུས་ཚང་མེད་པ། གསུམ་ནས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཏེ། ཁེ་ལས་ཀྱི་ཡིད་རྟོན་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་ཞེས་བཤད་པ་རེད།

    གོམ་སྟབས་རྗེས་མའི་ལས་དོན་གཙོ་གནད་ཐད་ཁོང་གིས་གཙོ་བོར་བཟོ་ཚོང་ཐོ་འགོད་སྟབས་བདེ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་རྒྱུ། ཁྲོམ་རའི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་ཐོ་འགོད་སྔར་བས་བྱེད་བདེ་བ་དང་། ཁྲོམ་རའི་འཇུག་འཐུས་ཚད་གཞི་སྔར་བས་དམའ་བ། སྒྲུབ་བཞིན་པ་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་སྔར་བས་ནན་པོ་བཅས་ཡོང་བར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

    གཅིག་ནས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་སྟེ། ཐོ་འགོད་ལམ་ལུགས་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། “ལག་ཁྱེར་གསུམ་གཅིག་ཏུ་བསྡུ་བའི”སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། “སྔོན་ལ་ལས་གཉེར་ལག་ཁྱེར་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་བའི”སྒྱུར་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གཅིག་གྱུར་གྱི་ཁྲོམ་རའི་འཇུག་འཐུས་ལམ་ལུགས་འཚོལ་ཞིབ་ཧུར་ཐག་གིས་མགྱོགས་མྱུར་བཟོ་བ། རྒྱལ་ཁབ་ཁྲིམས་མིའི་མཛོད་འཛུགས་མགྱོགས་སུ་གཏོང་བ་བཅས་ཀྱི་ཐད་གུ་ཡངས་དང་འདྲ་མཉམ་གྱི་འཇུག་འཐུས་ཁོར་ཡུག་གཏོད་རྒྱུ།

    གཉིས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱེད་རྒྱུ་སྟེ། སྒྲུབ་བཞིན་པ་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེའི་རྣམ་པའི་ཆ་འཕྲིན་སྟེགས་བུ་བཏོད་དེ་ཁེ་ལས་ཀྱི་སྤྱི་བསྒྲགས་ཆ་འཕྲིན་གྱི་ཆ་ཚང་རང་བཞིན་དང་དོན་དངོས་རང་བཞིན་མཐོ་རུ་གཏོང་བ། འགྲན་རྩོད་ཁྲིམས་བསྟར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞུང་དྲང་འགྲན་རྩོད་ཀྱི་སྲིད་ཇུས་ཁོར་ཡུག་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་རྩད་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞུང་དྲང་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུ།

    གསུམ་ནས་འཛད་སྤྱོད་དབང་ཆ་སྲུང་སྐྱོང་ལས་དོན་སྒྱུར་བཅོས་བྱེད་རྒྱུ་སྟེ། འཛད་སྤྱོད་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། 12315དགོང་ཚོགས་ཀྱི་ཐེར་འདོན་ཁྱབ་ཁོངས་དང་གྱོད་གཞི་རྩད་གཅོད་ལས་དོན་ཡག་པོ་སྒྲུབ་པ། འཛད་སྤྱོད་དབང་ཆ་སྲུང་སྐྱོང་གི་སྤྱི་ཚོགས་མཉམ་སྒྲུབ་ལམ་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་དབང་ཆ་སྲུང་སྐྱོང་གི་གྲངས་གཞི་དབྱེ་ཞིབ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་གཏོད་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།