དབུ་ཤོག>གསར་འགྱུར།
  • དབྱར་གསེང་སྐབས་བདེ་འཇགས་གཙོ་བོ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-05

    སློབ་མ་ནི་མེས་རྒྱལ་གྱི་མ་འོང་པའི་རེ་བ་ཡིན། སློབ་གྲྭའི་བདེ་འཇགས་སློབ་གསོའི་ལས་དོན་ལེགས་པོ་བསྒྲུབ་ཐུབ་མིན་ནི་རྒྱ་ཆེའི་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་མིན་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན།སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་སློབ་གྲྭའི་བདེ་འཇགས་སློབ་གསོ་དང་ཉེན་ཟོན་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མ་ཚོར་ཕྱོགས་ཡོངས་ནས་བདེ་ཐང་ཐོབ་ཆེད་གལ་ཆེའི་འགན་ལེན་བྱ་རྒྱུ་དེ་སློབ་གསོའི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད་ལགས།

    ལོ་རེའི་དབྱར་གསེང་གི་དུས་འདིར། སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་དང་ལྡན་པའི་དབྱར་གསེང་ཞིག་བསྐྱལ་ཆེད། ཆུ་གསུམ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོད་གཟིགས་ཤང་སློབ་ཆུང་དུ་བསྐྱོད་ནས་སློབ་མར་གུང་གསེང་བར་གྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཞིག་གཏིང་ཟབ་ངང་སྤེལ་བ་རེད། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་གཙོ་བོ་སློབ་མའི་བཟའ་བཅའ་དང་། འགྲིམ་འགྲུལ། མེ་ཟོན་བཅས་ཀྱི་གྱོད་དོན་དཔེ་མཚོན་ལ་དབྱེ་ཞིབ་དང་།  འགྲེལ་བཤད་ཀྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱས་པ་དང་། རོལ་རྩེད་བརྒྱུད་ནས་ཉེན་གཡོལ་གྱི་བྱ་ཐབས་སྤེལ་བ་སོགས་བྱས་སྟེ་སློབ་མ་ཚོར་བཟའ་བཅའ་དང་། འགྲིམ་འགྲུལ། མེ་ཟོན་བཅས་ཀྱི་བདེ་འཇགས་ཤེས་བྱར་ཡིད་གཟབ་བྱེད་དགོས་པའི་དོན་ཚན་ཁག་ལ་སྒྲོག་འགྲེལ་གནང་བ་རེད།

    ཆུ་གསུམ་རྫོང་གིས་ད་དུང་བྱིས་པ་ཚོར་བདེ་འཇགས་སློབ་གསོ་བརྗོད་བྱ་གཙོ་བོར་བྱས་པའི་འགུལ་རིས་གློག་བརྙན་བསྟན་ཏེ་རང་འགུལ་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཁོངས་སུ་ཆུད་པར་བྱས་སྟེ་རང་འགུལ་ངང་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་དང་། ཕྱིར་བསྐྱོད་སྐབས་གཅིག་པུར་གང་བྱུང་དུ་མི་འགྲོ་བ། རྒྱུས་མངའ་མེད་པའི་མིའི་རྩེད་ཆས་དང་ཟ་རིགས་མི་ལེན་པ། ཁྱིམ་དུ་སྡོད་སྐབས་གང་བྱུང་དུ་གློག་ཆས་དང་སོལ་རླངས་ལ་ལག་པ་མི་རེག་པ་སོགས་ཀྱི་སློབ་གསོ་བརྒྱབ་ཡོད། དེ་དང་ཆབས་ཅིག་ཁྱིམ་བདག་ལ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་སྟེ་ཁྱིམ་བདག་ཚོས་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ནས་ཁྱིམ་ཚང་གིས་གཞོགས་འདེགས་བྱེད་པའི་ཐོག་མཉམ་དུ་དབྱར་གསེང་བདེ་འཇགས་ལས་དོན་ལེགས་པོ་སྒྲུབ་པ་དང་འབྲེལ་སློབ་མ་ཚོར་དགའ་སྐྱིད་ལྡན་པའི་དབྱར་གསེང་ཞིག་སྐྱེལ་དགོས་པའི་བླང་བྱ་ཡང་བཏོན་ཡོད།

    དབྱར་གསེང་སྐབས་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་ཨང་དང་པོ་ཡིན་པས་ང་ཚོས་མཉམ་དུ་འབད་བརྩོན་གྱིས་ཕྲུ་གུ་ཚོར་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་གུང་གསེང་ཞིག་བསྐྱལ་རྒྱུར་འགན་ལེན་བྱ་རྒྱུ་དང་། ཕྲུ་གུ་ཚང་མར་བདེ་འཇགས་དང་། ཤེས་དཔལ། བདེ་ཐང་། མཛེས་སྡུག་བཅས་ལྡན་པའི་གུང་གསེང་ཞིག་སྐྱེལ་རྒྱུ་ཡོང་བར་སྨོན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།