གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་འགྲིམ་འགྲུལ་འགྲོ་སྐྱོད་ཚོད་འཛིན་གྱི་སྤྱི་བསྒྲགས་བཟོ་རྩིས་ཡོད་པ་སྟེ་ཞིང་ཆེན་གཞུང་ལམ་307བརྒྱུད་ཀྱི་སྣ་དཀར་རྩེ་ནས་རྒྱལ་རྩེ་བར་གྱི་དུམ་བུར་ཨར་རྒྱག་བྱེད་དགོས་སྟབས་2015ལོའི་ཟླ་7ཚེས་30ནས་ཟླ་9ཚེས་2ཉིན་བར་གཞུང་ལམ་དུམ་བུ་དེར་འགྲིམ་འགྲུལ་ཚོད་འཛིན་བྱ་རྒྱུ་སྟེ། འགྲིམ་འགྲུལ་ཚོད་འཛིན་བྱེད་པའི་དུས་ཚོད་ནི་ཉིན་ལྟར་ཆུ་ཚོད་7:00ནས་21:00བར་དང་འགྲིམ་འགྲུལ་ཚོད་འཛིན་གྱི་ཁྱབ་ཁོངས་ནི་K122+000-K169+000ཡིན་པ་དང་དེའི་རིང་འཁོར་རིགས་ཚང་མ་འགྲོ་སྐྱོད་བཀག་འགོག་དང་དུས་ཚོད་གཞན་དག་ཏུ་རླངས་འཁོར་གཏོང་ཆོག་གི་ཡོད།
གཞུང་ལམ་དུམ་བུ་དེར་འགྲིམ་འགྲུལ་ཚོད་འཛིན་དོ་དམ་བྱེད་རིང་རྒྱལ་རྩེ་ནས་ལྷ་ས་གྲོང་ཁྱེར་དུ་སྐྱོད་པའི་འཁོར་རིགས་སྐོར་ནས་འགྲོ་ཆོག ཞིབ་ཕྲའི་ལམ་བུ་ནི་རྒྱལ་རྩེ་ནས་ལྷ་སར་སྐྱོད་པའི་འཁོར་རིགས་S204གཞུང་ལམ་བརྒྱུད་ནས་གཞིས་རྩེ་གྲོང་ཁྱེར་བར་སྐོར་བ་དང་དེ་རྗེས་G318བརྒྱུད་ལྷ་ས་གྲོང་ཁྱེར་དུ་གཏོང་ཆོག དེའི་རིང་སྣ་དཀར་རྩེ་རྫོང་ནས་རྒྱལ་རྩེ་རྫོང་བར་གྱི་ལམ་དུམ་བུར་ཉམས་གསོ་བྱ་རྒྱུ་ཡིན་པས་འཁོར་རིགས་མཚན་མོ་མ་གཏོགས་གཏོང་ཆོག་གི་མེད་པ་རེད།