དབུ་ཤོག>གསར་འགྱུར།
  • སྐྱིད་ཆུའི་ངོགས་ཀྱི་རབ་ཏུ་འཚེར་བའི་མུ་ཏིག་རྡོག་གཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    195825_yis_1437984642589.jpg

    འདི་ནི་ལྷ་ས་སྐྱིད་ཆུའི་ངོགས་སུ་ཆགས་པའི་ཉི་མ་ལྕང་རྭ་ཤང་སྦྲང་མདའ་གྲོང་གསར་ཡིན་པ།

    ཉི་མ་ལྕང་རྭ་ཤང་ནི་འབྲི་གུང་ལུང་ཤུར་དུ་ཡོད་པ་དང་། གཙང་འགྲམ་དུ་ཡུལ་མིའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་མང་པོ་བསྐྲུན་འདུག་ལ་ཁང་པ་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་པས། བོད་ཡུལ་གྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་ཞིག་ང་ཚོའི་མིག་ལམ་དུ་གསལ་ལེར་འཆར་བྱུང་།

    སྔར་སོང་བསམ་བཞིན་དུ་འགྱུར་ལྡོག་གླེང་།

    ཉི་མ་ལྕང་རྭ་ཤང་གི་ཁྲོམ་གཞུང་དུ་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་། སྔོ་ཚལ་དང་ཤ་རིགས་ཚོང་ཁང་། རྩམ་པ་ཚོང་ཁང་ཡོད་པ་མ་ཟད། ད་དུང་ཟ་ཁང་ཁ་ཤས་ཀྱང་ཡོད་ཁར། འགྲོ་འོང་བྱེད་མཁན་མང་ཞིང་འཁྲུག་ཆ་དོད་པས། དེ་དག་ལས་ཤང་གྲོང་དེའི་གསོན་ཤུགས་མངོན་བཞིན་མཆིས།

    ཉི་མ་ལྕང་རྭ་ཤང་གི་ཤང་ཀྲང་པའེ་ཆང་གིས“རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཉི་མ་ལྕང་རྭ་ཤང་ལོགས་དབྱེ་གསུམ་དང་ཟླ་འགྲིལ་གསུམ་བཏང་ཡོད། དེ་ཡང་1960ལོར་ཉི་མ་ལྕང་རྭ་ཤང་བཙུགས་པ་དང་1970ལོར་ཀུང་ཧྲེར་བསྒྱུར་བ། ཡང་1984ལོར་ཤང་དུ་རང་འཇགས་བསྒྱུར་བ། 1996ལོར་ཤང་འགྲིལ་ལས་དོན་སྤེལ་ནས་དེ་སྔའི་ཉི་མ་ལྕང་རྭ་ཤང་དང་། སྦྲང་མདའ་ཤང་། ཡངས་རི་སྒང་ཤང་བཅས་ཟླ་འགྲིལ་བཏང་སྟེ་ད་ལྟའི་ཉི་མ་ལྕང་རྭ་ཤང་བཙུགས་པ་ཞིག་རེད”ཅེས་ང་ཚོར་ངོ་སྤྲོད་བྱས་བྱུང་།

    པའེ་ཆང་གིས། ཕྱུག་པོར་འགྱུར་བསམ་ན་སྔོན་ལ་ལམ་སྐྲུན་དགོས་ཞེས་ཤོད་སྲོལ་ཡོད། ད་ལྟ་ཉི་མ་ལྕང་རྭ་ཤང་གི་སྲིད་འཛིན་གྲོང་ཚོ་བདུན་གྱི་ནང་ནས་གྲོང་ཚོ་6ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད་ལ། ཤང་དེའི་གྲོང་ཚོ་ཁག་གི་ཆུ་གློག་ལམ་གསུམ་ཤར་གཏོང་བྱེད་པའི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་ཡོད། “ཉི་མ་ལྕང་རྭ་ཤང་དེ་མལ་གྲོ་གུང་དཀར་རྫོང་དང་། ལྷུན་གྲུབ་རྫོང་། ནག་ཆུ་ས་ཁུལ་ལྷ་རི་རྫོང་བཅས་རྫོང་གསུམ་གྱི་ས་སྦྲེལ་དུ་གནས་ཡོད་པ་དང་། དེ་མལ་གྲོ་གུང་དཀར་རྫོང་ཁོངས་གཏོགས་ཀྱི་མི་འབོར་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། གཏེར་རིའི་ཁེ་ལས་བཅས་མང་ཤོས་ཀྱི་ཤང་གྲོང་ཞིག་རེད། 2014ལོར་ཤང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8400ཟིན་ཡོད”ཅེས་བརྗོད་ཀྱི་འདུག

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50སོང་བའི་ནང་ཉི་མ་ལྕང་རྭ་ཤང་གི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་དང་། ཟ་གོས་སྡོད་གསུམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་མ་ཟད། བསམ་བློ་དང་ལྟ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་བསམ་པའི་ཉམས་འགྱུར་གསར་པ་ཞིག་མངོན་བཞིན་ཡོད་པ་རེད།

    ད་ལོ་ལོ་60ལ་སླེབས་པའི་རྫོང་ཞོལ་གྲོང་ཚོའི་བགྲེས་སོང་དཀོན་མཆོག་འཕྲིན་ལས་ནི་ཉི་མ་ལྕང་རྭ་ཤང་གི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན་ཞིང་། ཁོང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་ཤང་ལ་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས“ད་ལྟ་ཤང་དང་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཕྲུ་གུ་ཚོ་དེང་རབས་ཅན་གྱི་སློབ་ཁང་ནང་དུ་སློབ་ཚན་ཉན་གྱི་ཡོད་ལ། སློབ་སྦྱོང་ཡག་པོ་ཡོད་ཚེ། རྫོང་གྲོང་དང་ལྷ་སའམ་ཡང་ན་ནང་སའི་སློབ་གྲྭར་སྐྱོད་ཆོག་གི་ཡོད། གལ་སྲིད་ནད་གཞི་ཕོག་ཚེ་གྲོང་ཚོ་དེ་རང་ནས་དུས་ཐོག་ཏུ་བཅོས་ཐུབ། ཁྱིམ་ཚང་ཚང་མར་གུ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་ཡོད་ཅིང་། མང་ཚོགས་ཀྱི་ལག་ཏུ་དངུལ་ཅུང་འབེལ་པོ་ཡོད་སྟབས་ལྟོ་གོས་ལ་དང་དོད་བྱེད་པ་མ་ཟད། འཚོ་བའི་སྤུས་ཀ་མཐོ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད་བྱུང་།

    ལྟ་བར་བཅིངས་འགྲོལ་བཏང་ནས་ཕྱུག་འགྱུར་དོན་གཉེར་བྱས།

    ས་ཞིང་བེད་སྤྱོད་རིན་ཐང་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་ཆེད། ལོ་མང་རིང་ཉི་མ་ལྕང་རྭ་ཤང་གིས་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། ས་ཞིང་འགན་གཙང་གི་དོ་དམ་ལ་ཤུགས་སྣོན། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་ལྟ་བ་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་གསར་བརྗེས་བྱེད་པ། ཚང་མས་ས་ཞིང་ཁོ་ནར་བརྟེན་ནས་མི་སྡོད་པ་བཅས་བྱས་པས་ས་ཞིང་ལ་བརྟེན་པའི་འཆིང་རྒྱ་ལས་རིམ་བཞིན་ཐར་ཐུབ་པ་བྱུང་ཡོད། དེ་ཡང་སྦྲང་མདའ་གྲོང་ཚོར་མལ་གྲོ་གུང་དཀར་རྫོང་གི་ས་ཞིང་བརྒྱུད་བཤུག་ཐེངས་དང་པོའི་ལས་དོན་སྤེལ་བ་རེད།

    ལོ་ཤས་གོང་སྦྲང་མདའ་གྲོང་ཚོའི་གྲོང་མི་རྣམས་རི་སྟེང་ནས་ལྷ་ས་སྐྱིད་ཆུའི་འགྲམ་དུ་གཅིག་རྗེས་གཉིས་མཐུད་ངང་སྤོས་ཤིང་། གསར་དུ་བསྐྲུན་པའི་སྡོད་གནས་ཁུལ་ཆུང་གྲལ་འགྲིག་པ་དང་འགྲིམ་འགྲུལ་སྟབས་བདེ་ལ་གཏེར་རིའི་ཁེ་ལས་གསུམ་སྦྲང་མདའ་གྲོང་ཚོར་བཙུགས་ཡོད་པས། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་དང་ལས་ཞུགས་རྒྱ་ཆེར་གཏོང་བའི་གོ་སྐབས་རག གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་དུད་ཚང་100ལྷག་ཙམ་གྱིས་སྐྱེལ་འདྲེན་རླངས་འཁོར་30ལྷག་ཙམ་ཉོས་ནས་སྐྱེལ་འདྲེན་རུ་ཁག་བཙུགས་ཏེ་གཏེར་རིའི་ཁེ་ལས་སུ་ཆེད་མངགས་སྐྱེལ་འདྲེན་བྱེད་ཀྱི་ཡོད། དེའི་ཐོག་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་བཀོག་པ་སོགས་བྱས་པས་མིག་སྔར་སྦྲང་མདའ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ཙམ་ཟིན་གྱི་ཡོད།

    ཁྱིམ་ཚང་སྤོས་རྗེས་སྦྲང་མདའ་གྲོང་ཚོས་ས་ཆ་མུའུ་934.7གསར་སྦོལ་བྱས་ཀྱང་། ས་རྒྱུ་ཞན་སྟབས་རྨོ་འདེབས་བྱེད་ཐབས་བྲལ། མང་ཚོགས་ལ་ས་ཆ་བགོ་བའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་སྐབས། ཚང་མས་ས་ཆ་ཚང་མ་བརྒྱུད་བཤུག་བྱེད་འདོད་ཡོད་ཅེས་བཤད་པས། ཤང་ཏང་ཨུད་དང་སྲིད་གཞུང་གིས་ས་ཆ་བརྒྱུད་བཤུག་དང་འགན་གཙང་ལེན་འདོད་ཡོད་པའི་དཔལ་འབྱོར་དངོས་ཚན་དང་དུས་ཐོག་ཏུ་འབྲེལ་བ་བྱས་མཐར། ཤང་དེའི་འབྲི་གུང་དཀར་ཞག་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་ལ་ཞིང་ལས་ཐོན་རྫས་ལས་སྣོན་གྱི་མ་བཅོས་རྒྱུ་ཆ་མི་འདང་བ་སོགས་ཀྱི་དཀའ་ངལ་ཡོད་པས་སྦྲང་མདའ་གྲོང་ཚོའི་ཚོགས་ཆུང་གཉིས་པ་དང་གསུམ་པའི་གསར་སྦོལ་བྱས་པའི་རྨོ་ཞིང་མུའུ་934.7འགན་གཙང་ལེན་འདོད་ཅེས་བཤད། དེས་ན་ཕྱོགས་གཉིས་པོས་རང་མོས་བྱེད་པའི་རྩ་དོན་ལ་གཞིགས་པ་དང་འབྲེལ་ཕྱོགས་མང་པོས་མཐུན་སྦྱོར་ཐག་གཅོད་བྱས་རྗེས་མལ་གྲོ་གུང་དཀར་རྫོང་གི་ས་ཞིང་བརྒྱུད་བཤུག་ཐེངས་དང་པོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ས་ཆ་སྤྱོད་ཚད་སྔར་བས་ཆེ་རུ་ཕྱིན་པ་རེད།

    ཉི་མ་ལྕང་རྭ་ཤང་གི་རྩམ་པར་ལོ་རྒྱུས་ཡུན་རིང་ལྡན་ཡོད་པས་ན། 2009ལོའི་ཟླ་དྲུག་པར་གྲོང་མི་བསོད་ནམས་རྒྱ་མཚོས་རང་ཉིད་ཀྱི་གསོག་དངུལ་བཏོན་ནས་ཞིང་འབྲོག་དུད་ཚང་11དང་མཉམ་དུ་རྩམ་པ་འཐག་པ་གཙོ་བོར་བྱེད་པའི་འབྲི་གུང་དཀར་ཞག་གི་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གཉེར་ཞིང་། ལོ་ཤས་སོང་རྗེས“འབྲི་གུང་དཀར་ཞག”རྩམ་པ་དེ་ཁྲོམ་རའི་ཐོག་བྲིན་པོ་ཡོད་པ་དང་མཉམ་ལས་ཁང་གི་དཔལ་འབྱོར་ཡོང་འབབ་ཀྱང་ལོ་རེ་བཞིན་འཕར་བཞིན་ཡོད་པ་རེད།

    འབྲི་གུང་དཀར་ཞག་ཞིང་ལས་ཐོན་རྫས་ལས་སྣོན་ཁང་གིས་གཙོ་བོ་ནས་ལས་སྣོན་བྱེད་པ་དང་ཁོང་ཚོས་བཏགས་པའི“འབྲི་གུང་དཀར་ཞག”རྩམ་པར་ནས་ནག་རྩམ་པ་དང་། ནས་རྩམ། སྲན་རྩམ་བཅས་གསུམ་ཡོད་ཅིང་། རྩམ་པའི་བྲོ་བ་ཞིམ་ལ་མཁྲིས་རྒྱུའི་གཤེར་རྩི་ཉུང་སྟབས་ཁྲོམ་རའི་ཐོག་དགའ་བསུ་ཐོབ་བཞིན་ཡོད། ས་ཆ་བརྒྱུད་བཤུག་བྱས་རྗེས་འབྲི་གུང་དཀར་ཞག་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས་ས་ཆ་ནུས་ལྡན་ངང་སྤྱད་ནས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ནས་སྣ་ཚོགས་བཏབ་སྟེ“འབྲི་གུང་དཀར་ཞག”རྩམ་པར་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་བཞིན་ཡོད།

    2014ལོར་མཉམ་ལས་ཁང་གིས་རྩམ་པ་རྒྱ་མ་ཁྲི་100ལྷག་ཙམ་བཏགས་པར་བྲིན་ཚོང་དངུལ་སྒོར་ཁྲི་443བྱུང་བ་དང་། མི་22ལས་ཞུགས་ཐུབ་པ། མི་228ལ་འབབ་འཕར་བྱུང་ཡོད་པ་རེད། “མིག་སྔར་འབྲི་གུང་དཀར་ཞག་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་འཕེལ་ཕྱོགས་ཡག་པོ་ཡོད་པ་རེད། ང་ཚོས་ད་ཡོད་ཐོན་རྫས་ཀྱི་རྨང་གཞིའི་ཐོག་གནའ་བོའི་པད་སྣུམ་འཚག་སྟངས་སྤྱད་ནས་མཉམ་ལས་ཁང་གི་ཐོན་རྫས་ཀྱི་སྣ་ཁ་མང་དུ་གཏོང་རྒྱུ་ཡིན། མིག་སྔར་པད་སྣུམ་ལས་སྣོན་རྣམ་གྲངས་ཀྱི་དུས་འགོའི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་སྔོན་དཔག་བྱས་ན་ལས་གནས་15འདོན་གྱི་རེད”ཅེས་བསོད་ནམས་རྒྱ་མཚོས་གདེང་ཚོད་ཆེན་པོས་བཤད།

    “གྲོང་ཚོ་རེ་ལ་སྤུས་རྟགས་རེ”ཡོད་པ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    2014ལོར་ཉི་མ་ལྕང་རྭ་ཤང་གི་གྲོང་གསེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.115ཟིན་ཞིང་། དེའི་ནང་ཐོན་ལས་དང་པོའི་ཡོང་འབབ་སྒོར་ཁྲི་7509.73དང་། ཐོན་ལས་གཉིས་པའི་ཡོང་འབབ་སྒོར་ཁྲི་86.75 ཐོན་ལས་གསུམ་པའི་ཡོང་འབབ་སྒོར་ཁྲི་3554.08བཅས་ཟིན་པ་དང་། ཤང་དེ་ཡོངས་ཀྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8400ཟིན་ཡོད།

    གྲངས་གཞི་དེ་དག་ལས་ཉི་མ་ལྕང་རྭ་ཤང་གི་དཔལ་འབྱོར་འཕེལ་རྒྱས་ལ་མི་རྣམས་དགའ་བར་འོས་པའི་གྲུབ་འབྲས་ཐོབ་པ་ང་ཚོས་མཐོང་ཐུབ།

    པའེ་ཆང་གིས“ལོ་ལྔ་བཅུའི་གོང་གི་ཉི་མ་ལྕང་རྭ་ཤང་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བས། སྤྱི་ཡོངས་ནས་དབུལ་ཕོངས་དང་རྗེས་ལུས་ཀྱི་གནས་སུ་གྱར་ཡོད། ད་ཕན་ལོ་ཤས་རིང་ཉི་མ་ལྕང་རྭ་ཤང་གིས‘གྲོང་ཚོ་རེ་ལ་སྤུས་རྟགས་རེའི’འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དང་། ཁྱད་ལྡན་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་ལས། ཁྱད་ལྡན་རིག་གནས་ཐོན་ལས་བཅས་ཀྱིས་གཙོ་བོ་བྱེད་པའི་དཔལ་འབྱོར་དངོས་ཚན་སྣ་ཚོགས་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་གཏོང་བ་བཅས་བྱས་པས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད”ཅེས་ཤོད་ཀྱི་འདུག

    “གྲོང་ཚོ་རེར་སྤུས་རྟགས་རེའི”འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་རྗེས། ཉི་མ་ལྕང་རྭ་ཤང་དུ་མཉམ་ལས་ཁང་སྣ་ཚོགས་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་ཐོན་པ་དང་། མིག་སྔའི་བར་ཤང་དེ་ཡོངས་སུ་མཉམ་ལས་ཁང་23བཙུགས་ནས་མི་རིགས་ལག་ཤེས་བཟོ་ལས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འགྲོ་ལམ་རགས་ཙམ་ཆགས་ཡོད་པ་རེད།

    2014ལོར་ཤང་དེའི་རོང་མདོའི་འབྲོག་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་ལ་བྲིན་ཚོང་དངུལ་སྒོར་ཁྲི་120བྱུང་བ་དང་། འབྲི་གུང་ལྕགས་རིགས་བརྐོས་རྒྱག་མཉམ་ལས་ཁང་ལ་ཁེ་གཙང་སྒོར་ཁྲི་43བྱུང་བ། ཕྱེ་མ་ཁའི་འཚེམ་དྲུབ་ཐང་ག་མཉམ་ལས་ཁང་གི་མི་15ཡིས་ལོ་དགུ་སྤྱད་དེ་འབྲི་གུང་གི་འཚེམ་དྲུབ་ཐང་ག་བཞེངས་ཤིང་། དེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ཐང་ག་ཆེ་ཤོས་སུ་གྱུར་ཡོད། འཕེལ་རྒྱས་འགྲོ་བའི་ནང་མཉམ་ལས་ཁང་ལ་གྲུབ་འབྲས་མི་དམན་པ་ཐོབ་པ་དང་འབྲེལ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཡང་བྱས་ཡོད།

    པའེ་ཆང་གིས“ད་ཕན་ལོ་ཤས་རིང་ཉི་མ་ལྕང་རྭ་ཤང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྫོང་ཞོལ་གྲོང་ཚོའི་དཀར་ཞག་ཞིང་ལས་ཐོན་རྫས་དང་། རོང་མདོའི་འབྲོག་ལས་ཐོན་རྫས། ཕྱེ་མ་ཁའི་འཚེམ་དྲུབ་ཐང་ག སྤང་མདའི་སྲོལ་རྒྱུན་བོད་ལྷམ་སོགས་མཉམ་ལས་ཁང་ལྔ་གཙོ་གནད་རོགས་སྐྱོར་བྱ་ཡུལ་ལ་བརྩིས་པ་དང་། ཕྱོགས་ཁག་གི་མ་དངུལ་བསྡུ་སྒྲིལ་བྱས་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་1270བཏང་ཡོད། མཉམ་ལས་ཁང་གིས་ལས་གནས་77ཐག་གཅོད་བྱས་པ་དང་མི་རེར་ཟླ་རེར་ཆ་སྙོམས་བྱས་ན་གླ་ཆ་སྒོར་1500ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།