དབུ་ཤོག>གསར་འགྱུར།
  • དངུལ་རྩའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལིའུ་ཆན་རུ་ཡིས།   |     སྤེལ་དུས།  2015-07-31

    དངུལ་རྩའི་ལས་དོན་སྤེལ་བའི་ལས་འགན་ལྕི་ལ་འགན་འཁྲི་ཆེ་བས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་སླེབས་པའི་དུས་འདིར་རང་ལྗོངས་ཀྱིས་དངུལ་རྩའི་ལས་དོན་ཡག་པོ་སྤེལ་རྒྱུ་དེ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།

    གཅིག་ནས་དངུལ་རྩའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཤིང་། དེང་རབས་དངུལ་རྩའི་མ་ལག་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་དངུལ་རྩའི་རྩ་འཛུགས་མ་ལག་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད། དངུལ་རྩའི་སྙོམས་སྒྲིག་སྟངས་འཛིན་དང་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བཅས་བྱེད་དགོས། དེང་རབས་དངུལ་ཁང་ལམ་ལུགས་དམིགས་ཚད་དུ་བཟུང་སྟེ་དངུལ་ཁང་ཁག་གི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གཉེར་སྐྱོང་ལམ་སྲོལ་བསྒྱུར་ནས་མ་དངུལ་འདང་ངེས་ཡོད་པ་དང་། ནང་ཁུལ་ཚོད་འཛིན་བྱེད་ཤུགས་ཆེ་བ། ཚོང་གཉེར་བདེ་འཇགས་ཆེ་བ། ཞབས་ཞུའི་རྣམ་འགྱུར་ལེགས་པ། ལས་ཀའི་ཕན་འབྲས་ཆེ་བ། གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་དངུལ་ཁང་ཁག་གཅིག་མགྱོགས་ནས་མྱུར་དུ་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་དངུལ་རྩ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུ་དེ་དངུལ་རྩའི་ལས་དོན་ཁྲོད་ཀྱི་གཙོ་གནད་ཅིག་ཏུ་བཟུང་སྟེ་གྲོང་གསེབ་ཀྱི་དངུལ་རྩའི་རྨང་གཞིའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་དངུལ་རྩའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ཞིང་གསུམ”གྱི་ཁྱད་ཆོས་དང་མཐུན་པའི་རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་གྲོང་གསེབ་དངུལ་རྩའི་མ་ལག་ཅིག་མགྱོགས་མྱུར་འཛུཌ་སྐྲུན་བྱེད་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    གཉིས་ནས་དངུལ་རྩའི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཐོན་ཁུངས་བཀོད་སྒྲིག་དང་། དཔལ་འབྱོར་སྙོམས་སྒྲིག འཕེལ་རྒྱས་ལ་ཞབས་ཞུ་བཅས་ཀྱི་དངུལ་རྩའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། དངུལ་རྩའི་ཐབས་ཤེས་སྔར་བས་བེད་སྤྱོད་ཡག་པོ་བྱས་ནས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་འགལ་བ་དང་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་བརྟན་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས། དངུལ་རྩའི་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་དམིགས་ཚད་ལས་འགན་ལ་གཞིགས་ཏེ་ཞབས་ཞུའི་ཁ་ཕྱོགས་དང་གཙོ་གནད་ལེགས་སྒྲིག་ཧུར་ཐག་བྱེད་དགོས། ཁེ་འབབ་མང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་སྦྲགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དང་། རང་བརྟེན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཐད་དངུལ་ཁང་གི་ནུས་པ་འདོན་སྤེལ་བྱེད་དགོས།

    གསུམ་ནས་དངུལ་རྩ་ཇི་ཙམ་འཕེལ་རྒྱས་སོང་བ་དེ་ཙམ་གྱིས་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལས་དོན་དེ་དངུལ་རྩའི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་མུ་མཐུད་བརྩིས་ཏེ་དངུལ་རྩའི་ཁྲིམས་ལུགས་འཛུགས་སྐྱོང་ལས་དོན་མགྱོགས་པོ་སྤེལ་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ། དངུལ་རྩའི་བདེ་འཇགས་དྲ་བ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། དངུལ་རྩའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་ཀྱི་ཐོག་ནས་ལྟ་སྐུལ་དོ་དམ་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།