དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས་དེང་རབས་ཀྱི་སྣོད་བཅུད་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་བསྡུས་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-31

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱི་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཐད་བཀྲག་མདངས་ཆེན་པོ་འཚེར་བ་བཅས་གང་སར་ས་མཐོའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་རྣམ་པ་གསར་པ་མཐོང་རྒྱུ་ཡོད།

    ནུས་ཆེའི་དྲོད་ཁང་ཆེན་མོ་སྟར་པ་500གསར་དུ་བསྐྲུན་པ།

    ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཤར་ངོས་སྟག་རྩེ་དང་འབྲེལ་བ་དང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་12ཡོད་པ་དང་དུད་ཚང་218དང་མི་662ཡོད། ཚོགས་ཆུང་དེ་ལྷ་སའི་ལུང་གཞུང་གི་སྨད་རྒྱུད་དང་། ལྷ་ས་གྲོང་ཁྱེར་གྱི་ཤར་འདབས། སྐྱིད་ཆུའི་ལྷོ་ངོགས་བཅས་སུ་གནས་པ་དང་ས་བབ་ལྷོ་ངོས་མཐོ་བ་དང་བྱང་ངོས་དམའ་བ་ཡོད་པར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3666ཟིན་པ་དང་ས་རྒྱུ་གཤིན་པོ་དང་ཉི་འོད་ལེགས་པས་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཁྱད་ལྡན་ལྡུམ་རའི་ཐོན་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་དུ་དྲོད་ཁང་སྟར་པ(2011ལོར་མ་དངུལ་བཏང་ནས་འཁོར་རྒྱུག་བྱས་པ)505ཡོད་པའི་རྨང་གཞིའི་ཐོག་སླར་ཡང་ནུས་ཆེའི་དྲོད་ཁང་ཆེན་མོ་སྟར་པ་500གསར་སྐྲུན་བྱས་པ་དེ་དཔེ་སྟོན་གླིང་ཁུལ་གྱི་འགྲམ་དུ་ཡོད་པ་དང་། འགྲིམ་འགྲུལ་སྟབས་བདེ་བས་བསྐྲུན་ཟིན་ནས་བཀོལ་སྤྱོད་བྱས་རྗེས་ཐད་ཀར་ཡུལ་དེའི་མང་ཚོགས་གདན་དྲངས་ཏེ་འདེབས་འཛུགས་དང་བདག་སྐྱོང་བྱེད་ཆོག ཐད་ཀར་ཁྱད་ལྡན་ལྡུམ་རའི་ཐོན་ལས་ཚན་རྩལ་དཔེ་སྟོན་གླིང་ནས་རྒྱ་བསྐྱེད་བཏང་ནས་ཉེ་འདབས་ཀྱི་དུད་ཚང་218དང་མང་ཚོགས་662འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཐུབ།

    དྲོད་ཁང་སྟར་པ་500དེ་སོས་ཉར་གྲང་མཛོད་དང་། སྔོ་ཚལ་ལས་སྣོན་བཟོ་གྲྭ སྔོ་ཚལ་ཐད་ཚོང་རླངས་འཁོར། གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་ལས་ཁང་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས”གཞི་གཅིག་ཅན་གྱི་དཔེ་དབྱིབས་རགས་ཙམ་གྲུབ་པ་དང་། ཞིང་ཞོར་ཐོན་རྫས་འཕྲལ་སྡོམ་གསོག་འཇོག་དང་ཐོན་རྫས་དུས་ཚིགས་ལྡོག་ནས་མཁོ་འདོན་བྱ་རྒྱུ་རིམ་བཞིན་མངོན་འགྱུར་ཐུབ་པ་བྱས་ཏེ་ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།

    ཚད་གཞི་མཐོ་བའི་བཞོན་མ་གསོ་སྤེལ་ལྟེ་གནས་བསྐྲུན་པ།

    ཁྲེང་ཀོན་ཆུས་ཀྱི་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དེ་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པར་གནས་པ་དང་། ན་ནིང་ཟླ་10པར་དངོས་སུ་འཛུགས་སྐྲུན་ལས་འགོ་བཙུགས་པར་མ་འཇོག་བསྡོམས་སྒོར་ཁྲི་14101ཟིན་པ་དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་སྒོར་ཁྲི་8101དང་སྤུས་ལེགས་བཞོན་མ་ཉོ་སྒྲུབ་ཐད་སྒོར་ཁྲི་6000བཏང་བ་དང་ས་ཆ་མུའུ་220ཡོད་པ་རེད། ཚད་གཞི་མཐོ་བའི་བཞོན་མ་གསོ་སྤེལ་ལྟེ་གནས་དེ་དུས་ཐེངས་གཉིས་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དེའི་ནང་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་འཛུགས་སྐྲུན་ནང་ཁྱོན་མ་དངུལ་སྒོར་ཁྲི་4901བཏང་བ་དེར་འོ་ཐོན་བ་ཚང་དང་། ཉེར་མཁོའི་བ་ཚང་། འོ་མ་འཇོ་ཁང་། གཟན་ཆག་སྤུས་ལེགས་འཇོག་ཁང་། གཟན་ཁང་། ལྕི་ཁང་། བཙོག་ཆུའི་རྫིང་བུ། གསོག་འཇོག་རྫིང་བུ། ཕྱོགས་བསྡུས་སྤྱོད་ཁང་། གློག་གཏོང་ཁང་། ཟ་ཁང་བཅས་དང་དེ་བཞིན་ལྟེ་གནས་ཀྱི་སྒྲིག་ཆས་སོགས་ཚུད་ཡོད་པ་རེད།

    ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་རྣམ་གྲངས་ཚང་མའི་འཛུགས་སྐྲུན་ཐད་ཚད་གཞི་མཐོ་བའི་རེ་བ་ཡོད་པ་དང་བ་ཚང་ཚང་མར་ཅོང་ཁང་གི་གྲུབ་ཆ་སྤྱད་པ་དང་བཞོན་མའི་བགྲོད་ལམ་ཐད་ད་དུང་འདྲེད་འགོག་བྱ་ཐབས་སྤྱད་ཡོད། འོ་མ་འཇོ་ཁང་དེ་ཁྱད་ཆོས་ཆེ་ཤོས་ཡིན་པ་དང་ཁྲེང་ཀོན་ཆུས་ཀྱིས་ད་དུང“ཞིང་ལས་སྟོབས་ཆེའི་རྒྱལ་ཁབ”ཡིན་པའི་དབྱི་སི་རལ་ནས་འོ་མ་འཇོ་བའི་འཕྲུལ་ཆས་50ནང་འདྲེན་བྱས་པ་དེས་འོ་མ་འཇོ་བའི་ལས་ཕྱོད་ཆེ་རུ་ཆེས་ཆེར་བཏང་བ་རེད། གཞན་ཡང་། བཞོན་མའི་རྒྱུད་པ་འགན་ལེན་བྱ་ཆེད་ཁྲེང་ཀོན་ཆུས་ཀྱིས་ཧྲའན་ཤིས་ནས་སྤུས་ལེགས་བཞོན་མ་དཀར་ཁྲ་1400ཆེད་མངགས་ནང་འདྲེན་བྱས་ཏེ་དུས་འགོའི་བཞོན་མ་600ཁྲེང་ཀོན་ཆུས་བ་རར་བར་བརྒལ་གསོ་ཚགས་བྱས་པར་གསོན་ཚད་87.5%ཟིན་པ་དང་དུས་མཇུག་གི་བཞོན་མ་800ཡི་ནང་ནས་བཞོན་མ་དཀར་ཁྲ་713བཞོན་མ་གསོ་ཚགས་ལྟེ་གནས་སུ་བསྐྱལ་བ་རེད།

    དམངས་ཕན་གོང་ཁེའི་སྔོ་ཚལ་ཐད་ཚོང་རླངས་འཁོར་83བཀོལ་སྤྱོད་བྱས་པ།

    “སྔོན་ཆད་ཚལ་ཉོ་བར་སྤྱི་སྤྱོད་རླངས་འཁོར་སྡོད་དགོས་པ་དང་རྐང་ལག་ཐང་པོ་མེད་ཀྱང་ཐབས་ཤེས་མེད། ད་ཆ་ཚལ་ཉོ་བར་ཧ་ཅང་སྟབས་བདེ་པོ་འདུག ཁྱིམ་གྱི་སྒོ་ཁར་སྣ་ཁ་མང་ལ་སོས་པ་ཡིན་པའི་ཚལ་ཉོ་རྒྱུ་ཡོད་པ་དང་། དེ་བས་གལ་ཆེ་བ་ནི་གོང་ཧ་ཅང་ཁེ་པོ་ཡོད་སྟབས་དངོས་གནས་དམངས་ཕན་རླངས་འཁོར་ཞིག་རེད་འདུག”ཅེས་ཉང་བྲན་ལམ་ཤིན་ཧྭ་དགའ་ཚལ་དུ་སྡོད་པའི་ཨ་མ་ལྷ་མོ་ཚེ་རིང་གིས་དམངས་ཕན་རླངས་འཁོར་ནས་ཚལ་ཉོ་གིན་དགའ་སྤྲོའི་ངང་བཤད།

    “ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་དམངས་ཕན་གོང་ཁེའི་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ན་ནིང་ནས་ལག་བསྟར་བྱས་ཚུན། རིམ་རྩིས་བརྒྱབ་ན། ལྷ་སའི་གྲོང་མིར་སྒོར་ཁྲི་600ཡི་ཁེ་བཟང་བཏོད་ཡོད། འདི་ལོ་རྣམ་གྲངས་དེས་སྔར་ཡོད་ཀྱི་སྔོ་ཚལ་ཐད་ཚོང་རླངས་འཁོར་78ཀྱི་རྨང་གཞིའི་ཐོག་སླར་ཡང་རླངས་འཁོར་5བསྣན་ནས་རྔ་ཆེན་ཤང་དང་། དོག་སྡེ་ཤང་། ཉང་བྲན་ཤང་། འབྲས་སྤུངས་དགོན། ཚལ་གུང་ཐང་ཤང་སོགས་ས་ཐག་ཅུང་རིང་བའི་ཤང་དང་གྲོང་ཚོར་སྐོར་སྐྱོད་ཐད་ཚོང་བྱ་ཡུལ་5བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔོ་ཚལ་ཐད་ཚོང་རླངས་འཁོར་ནང་མཁོ་འདོན་བྱས་པའི་སྔོ་ཚལ་རིན་གོང་དེ་ཁྲོམ་རའི་རིན་གོང་ལས་སྒོར་0.5ནས་2བར་གྱིས་དམའ་བ་ཡོད་པས། ཁྲོམ་རའི་ཟོག་གོང་གི་10%ནས་30%བར་དམའ་བ་ཡོང་རྒྱུ་གཞི་རྩའི་ཆ་ནས་རྒྱུན་འཁྱོངས་བྱས་ཡོད། གཞན་ཡང་། སྔོ་ཚལ་གྱི་སྤུས་ཚད་འགན་ལེན་བྱ་ཆེད་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཕྱིར་ཚོང་བྱེད་པའི་སྔོ་ཚལ་ཚང་མ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་དཔལ་འབྱོར་མཉམ་ལས་ཁང་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད་པས། ཡུལ་མི་མང་ཚོགས་ཀྱིས་ས་གཙང་སྐྱོན་བྲལ་ཐོན་ལས་ཀྱི་ཚད་གཞི་དང་མཐུན་པའི་སྔོ་ཚལ་བློ་བདེ་པོའི་ངང་ཉོས་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།