དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    res01_attpic_brief.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པར་གནས་པའི་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་གྱི་2014ལོའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། ལྟེ་གནས་དེས“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཚད་ལྡན་སྣོད་བཅུད་འབྲོག་ར་དང་། འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ། བོད་ཀྱི་ཆེས་སྔོན་ཐོན་གྱི་གཞི་ཁྱོན་ཅན་གྱི་སྣོད་བཅུད་འབྲོག་ར་བཅས་གཏོད་རྒྱུ”དམིགས་ཡུལ་དུ་འཛིན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.44བཏང་བ་དང་བཞོན་མ་གསོ་ཚགས་ཀྱི་ཇུས་འགོད་གཞི་ཁྱོན་མགོ་གྲངས་2000ཟིན་ཡོད་པ་རེད།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། རིམ་བཞིན་ཐོན་ལས་ཤིག་ཆགས་ཏེ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མཚོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཚད་གཞི་གསར་པ་ཞིག་ཏུ་སླར་ཡང་གྱུར་བ་རེད།

    ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། སྒུག་བརྟེན་མི་བྱེད་པ། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཞིང་། ཆུ་ཤུར་རྫོང་གིས་རྒྱལ་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་དང་ཚལ་སྣ་དེང་རབས་རྒྱལ་ཁབ་ཀྱི་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་སྟེགས་བུར་བརྟེན་ནས་མཱ་ཁ་དང་། རྒྱ་སེར་མེ་ཏོག བོད་སྨན་རྒྱུ་ཆ་སོགས་གཙོ་བོར་བྱེད་པའི་ས་མཐོའི་ལུང་གཞུང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་2015ལོར་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི་3.66འདེབས་འཛུགས་བྱས་པ་མ་ཟད། ཐོན་རྫས་ཞིབ་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་བྱས་པས་ཐོན་ལས་ཀྱི་སྒྲོག་ཐག་སྣུར་བསྲིང་བྱེད་པ་དང་ཁྱད་ལྡན་དཔལ་འབྱོར་གྱི་སྐྱེ་དངོས་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་ལེགས་ལྡན་ཁུལ་ཞིག་ཆགས་པ་དང་། ལྷུན་གྲུབ་རྫོང་གིས་རང་ཉིད་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས་2015ལོར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་གཞི་ཁྱོན་མུའུ་ཁྲི་3.24ཟིན་ནས་རྩྭ་འདེབས་ཕྱུགས་གསོའི་དཔེ་སྟོན་ཁུལ་དུ་འགྱུར་བ་མ་ཟད“ལྷ་ས་གྲོང་ཁྱེར་གྱི་རྩྭ་ཤིང་ཐོན་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ”འཆར་འགོད་འཛུགས་སྐྲུན་བྱས་ཏེ་ལོ་གཉིས་ནས་གསུམ་བར་མ་འཇོག་སྒོར་དུང་ཕྱུར་6.25བྱས་ནས་གཞི་ཁྱོན་མུའུ་ཁྲི་10ཟིན་པའི་རྩྭའི་ཐོན་ལས་ལས་གྲྭ་དང་ཕྱུགས་རིགས་མགོ་གྲངས་ཁྲི་50ཟིན་པའི་ཁྱད་ལྡན་ནོར་ལུག་ཐོན་ལས་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།

    ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མིན་པའི་ཁེ་ལས་མཉམ་གཤིབ་མདུན་སྐྱོད་བྱས་ནས་སྤྱི་འབོར་མང་དུ་ཕྱིན་པ་དང་། མྱུར་ཚད་མགྱོགས་སུ་ཕྱིན་པ། གྲུབ་ཆ་ལེགས་སུ་ཕྱིན་པ་བཅས་ཀྱི་འཕེལ་ཕྱོགས་མཚོན་པ་དང་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཏུ་གྱུར་བ་རེད།

    རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་ཀྱི་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སིས་ཡོ་རོབ་ནས་ཆ་ཚང་ལ་རང་འགུལ་གྱི་འཁྱགས་རོམ་ཆུ་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་ནས་འཛམ་གླིང་གི་རྩེར་སོན་བཟོ་རྩལ་སྤྱད་དེ་ཤེལ་དམ་དང་། ཆུ་བླུགས། ཁེབས་གཅོད་བཅས་གཞི་གཅིག་ཅན་གྱི་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་ད་ལོ་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི་20ལོན་རྒྱུ་ཡིན་པ་རེད། བོད་ལྗོངས་ཆུ་ཁུངས་འཐུང་བཅའ་ཚད་ཡོད་ཀུང་སི་ཏ་ཀྲའོ་ཧྲེང་གནས་རི་ལྷ་ཆུ་ཐོན་སྐྱེད་སྒྲུབ་རིམ་དེས་འཇར་མན་གྱི་ཤིས་ཏེ་ལེ་སྒྲིག་བཀོད་བེད་སྤྱོད་བཏང་བས་ཐོན་ནུས་ཆུ་ཚོད་རེར་ཤེལ་དམ་ཁྲི་4.4ཟིན་གྱི་ཡོད་པ་རེད། ཆུ་ཤུར་རྫོང་པད་མ་ཆུ་ཚན་དང་གངས་རྩེ་གཏེར་ཆུ་ཀུང་སིའི་ཇུས་འགོད་ཐོན་ནུས་ལོར་ཏུན་ཁྲི་40དང་ལོར་ཏུན་ཁྲི་50སོ་སོར་ལོན་གྱི་ཡོད་པ་དང་ད་ལོ་ཀུང་སི་གཉིས་ཀའི་ཐོན་ནུས་ཏུན་ཁྲི་20ཟིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རང་བྱུང་འཐུང་ཆུའི་ཁེ་ལས་25ཡོད་པ་དང་གསར་དུ་གན་རྒྱ་བཞག་པའི་ཁེ་ལས་12ཡོད་པ་དེའི་གན་འཇོག་མ་དངུལ་སྒོར་དུང་ཕྱུར་43.88ཟིན་ཡོད་པ་རེད།

    ས་གཙང་བདེ་ཐང་འདེབས་གསོ་ཁེ་ལས་རྒྱུན་བསྲིང་ངང་འཕེལ་རྒྱས་ཕྱིན་ཞིང་། རེ་བ་གསར་པ་ཚོགས་པས་ཆུ་ཤུར་རྫོང་དུ་རྒྱལ་སྤྱིའི་རྩེ་གྲས་དང་རྒྱལ་ནང་དུ་སྔོན་ལ་སླེབས་པའི་དེང་རབས་ཅན་གྱི་ཕག་པ་གསོ་ཚགས་རྟེན་གཞི་བཙུགས་ནས་ལོར་ཕག་པ་མགོ་གྲངས་ཁྲི་བཤས་གཏོང་གི་ཡོད་པ་རེད། རུའེ་ཅན་ཀུང་སིས་ཆུ་ཤུར་རྫོང་དུ་མུའུ་སྟོང་ཡུག་འབྲེལ་གྱི་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་བོད་ལྗོངས་ཅིན་ཐེན་ཞིང་ལས་འཕེལ་རྒྱས་ཚན་རྩལ་ཚད་ཡོད་ཀུང་སིས་སྟག་རྩེ་རྫོང་དུ་ཚད་གཞི་མཐོ་བའི་ངང་གཞི་ཁྱོན་མུའུ་180ཟིན་པའི་སྨན་རྫས་ཅིན་དབྱིན་ཧྭ་སོན་འདྲེན་དཔེ་སྟོན་རྟེན་གཞི་དང་གཞི་ཁྱོན་མུའུ་650ཟིན་པའི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱས་པ་རེད།

    ས་གཙང་བདེ་ཐང་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་ཁེ་ལས་རིམ་བཞིན་སྟོབས་ཆེར་སོང་ཞིང་། ཁྲེང་ཀོན་ཆུས་ཧྲེང་ཅི་ཞུའེ་དཀར་ཆུ་ལས་སྣོན་བཟོ་གྲྭའི་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ཁག་ལེགས་སྒྲུབ་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཉེར་ཡོད་པ་དང་། རུའེ་ཅན་ཀུང་སིའི་དུས་ཐེངས་གཉིས་པའི་མུ་མཐུད་འཛུགས་སྐྲུན་ལས་གྲྭ་ལེགས་སྒྲུབ་ཟིན་ནས་གཞུང་དོན་ཐོག་ཁང་དང་ལས་སྣོན་འཁོར་ཁང་སྐྲུན་བཞིན་ཡོད་པ། རུང་ཧྲུན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ཆུ་ཤུར་རྫོང་དུ་འཛུགས་སྐྲུན་བྱས་པའི་ཞ་ཆིང་སུའུ་སྤྱིན་ཐུམ་ཐོན་སྐྱེད་སྒྲུབ་རིམ་དེ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།